འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲང་ཀའོ་ལི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་འགོ་ཚུགས་མཛད་
    སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཧའེ་ནན་པོ་ཨའོ་རུ་ཕེབས་ནས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་《དཔལ་འབྱོར་གོ་ལ་ཅན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་། ཨེ་ཤེ་ཡ་དང་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་》ཅེས་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་རེད། རྒྱལ་ཁབ་དང་ས་ཁུལ་50ནས་ཕེབས་པའི་སྲིད་འཛིན་ལས་རིགས་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་རིག་མཛོད་མཁས་དབང་1700ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
         ཀྲང་ཀའོ་ལིས་གཏམ་བཤད་གནང་སྐབས་འདི་ལོའི་ཟླ་བ་དང་པོར་ཀྲུའུ་ཞི་ཞི་ཅི་ཕིང་གིས་ཏ་ཨོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དཔལ་འབྱོར་གོ་ལ་ཅན་གྱི་གནད་དོན་ཞིབ་པར་གླེང་ནས་མིག་སྔར་འཛམ་གླིང་གི་དཔལ་འབྱོར་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་དང་དེ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཨེ་ཤེ་ཡའི་རྒྱལ་ཁབ་ཀྱིས་དཔལ་འབྱོར་གོ་ལ་ཅན་ནང་ཧུར་ཐག་ཞུགས་ཏེ་རང་ཉིད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱ་རྒྱུའི་ཐད་ཨེ་ཤེ་ཡའི་བྱས་རྗེས་ངོ་མཚར་ཅན་ཞིག་བཏོད་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཨེ་ཤེ་ཡའི་གོ་སྐབས་ཤིག་སྤྲད་པ། ཨེ་ཤེ་ཡའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལམ་བུ་ཞིག་གཏོད་རྒྱུའི་ཐད་ཨེ་ཤེ་ཡའི་ཉམས་མྱོང་བསགས་ཡོད། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་མདུན་དུ་སྐྱོད་པ། ཨེ་ཤེ་ཡའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཨེ་ཤེ་ཡའི་བློ་གྲོས་དར་སྤེལ་གཏོང་བ་བཅས་ཀྱི་རྨང་གཞིའི་ཐོག་དཔལ་འབྱོར་གོ་ལ་ཅན་དང་རང་མོས་ཉོ་ཚོང་ལ་ལག་གདང་སྦྲེལ་ཏེ་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་ཏུ་གཏོད་དགོས་ཞེས་གསུངས་པ་རེད།
         ཀྲང་ཀའོ་ལིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་འཛུགས་པ་དང་སྦྲགས་ལག་ལེན་ཡང་བསྟར་ནས་ཞི་བདེ་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་ཐུན་མོང་ཐོག་ཏུ་སྲུང་སྐྱོང་བྱེད་དགོས།
         གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཐོག་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་གསར་གཏོད་བྱས་ནས། སྒུལ་ཤུགས་འཕེལ་ཐབས་དང་སྒྱུར་བཅོས་བྱས་ནས་གསོན་ཤུགས་འཕེལ་ཐབས་བྱས་ཏེ། གསར་གཏོད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲང་ཀའོ་ལིས་འདི་ལོ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་རེད། འདི་ལོ་ནི་ཀྲུང་གོས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་བའི་ལོ་ཞིག་རེད་ལ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ལོ་ཞིག་ཀྱང་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་འཕར་ཡོང་བ་བྱེད་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་པ་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ། དཔལ་འབྱོར་མུ་མཐུད་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་པ་བྱེད་དགོས་ལ། སྤྱི་ཚོགས་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡང་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲང་ཀའོ་ལིས་ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་བྱེད་ཀྱི་ཡོད། ང་ཚོས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཆོག་འཐུས་ཀྱི་ཚད་གཞི་སྔར་བས་དམའ་རུ་གཏོང་རྒྱུ་ཡིན། འོས་བབ་ཆོག་འཐུས་དང་། ཚད་གཞི་གཏན་འཁེལ། སྲིད་གཞུང་གིས་ཉོ་སྒྲུབ། 《ཀྲུང་གོའི་ལན་པར2025》སྲིད་ཇུས་ལོངས་སྤྱོད་སོགས་ཐད་རྒྱལ་ནང་དང་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་གཉིས་ཀར་ལྟ་སྟངས་གཅིག་མཚུངས་འཛིན་པ་དང་། ཞིབ་ཐོ་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མ་འཇོག་པའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྲོམ་ར་སྔར་བས་ཕྱི་གསལ་ནང་གསལ་དང་། སྔར་བས་ཚད་ལྡན། སྔར་བས་ཡིད་དབང་འཕྲོག་ཤུགས་ལྡན་པ་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་མཱ་ཏ་ཀ་སི་ཁར་གྱི་ཙུང་ཐུང་ཨའེ་ལི་དང་། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཁེ་ལི་སི་ཆིན། ནེ་པ་ལའི་ཙུང་ལི་ཕུ་ལ་ཁྲང་ཏ། ཨ་ཧྥུ་ཀ་ནེ་སི་ཐན་དབྱི་ཧུའེ་གྲོས་ཚོགས་རྒན་རབས་ཁང་གི་ཀྲུའུ་ཞི་མོ་སི་ལི་མུའུ་ཡའར། འབར་མའི་ཙུང་ཐུང་གཞོན་པ་ཝུའུ་མིན་རུའེ་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།