འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་འཛམ་གླིང་ཐོག་གི་ལས་རིགས་སློབ་གསོའི་མ་ལག་ཆེ་ཤོས་དེ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་པེ་ཅིང་དུ་ལོ་བརྒྱའི་ལས་རིགས་སློབ་གྲྭ་དང་ཀྲུང་གོ་འཕེལ་རྒྱས་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་སོགས་ཀྲུང་ཕྱིའི་སྒྲིག་གཞིས་མཉམ་འབྲེལ་ཐོག་གཉེར་བའི་ལས་རིགས་སློབ་གསོ་སློབ་ཁྲིད་བྱ་ཐབས་ཀྱི་རིག་གཞུང་བགྲོ་གླེང་བྱེད་སྒོ་སྤེལ་ཞིང་། མིག་སྔར་རང་རྒྱལ་གྱིས་འཛམ་གླིང་ཐོག་གི་ལས་རིགས་སློབ་གསོའི་མ་ལག་ཆེ་ཤོས་དེ་བསྐྲུན་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་3000ཙམ་ཡོད་པས། རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་སྤུས་ཚད་དུས་རབས་སུ་བསྐྱོད་རྒྱུར་མི་ཤུགས་ཐོན་ཁུངས་མང་པོ་མཁོ་འདོན་བྱས་ཡོད་པ་རེད།
         བགྲོ་གླེང་བྱེད་སྒོའི་དམིགས་ཡུལ་ནི་ལས་རིགས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས། ཁྱིམ་ཚང་དབུལ་པོའི་སློབ་མ་ལས་ཞུགས་དང་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དང་འབྲེལ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་ཆེད་བཟོ་བོའི་སྙིང་སྟོབས་ལྡན་པའི་དུས་རབས་གསར་པའི་ལག་རྩལ་རྩལ་ནུས་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་རེད།
         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཀྲུའུ་ཞི་གཞོན་པ་ཀྲང་མའེ་དབྱིང་གིས་ཚོགས་འདུའི་ཐོག་ལས་རིགས་སློབ་གསོ་ནི་བཟོ་བོའི་སྙིང་སྟོབས་སྐྱེད་སྲིང་དང་དར་སྤེལ་གཏོང་སའི་ལྡུམ་ར་ལྟ་བུ་ཡིན། འདི་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་ཙུང་ལི་ལི་ཁེ་ཆང་གིས་སྤུས་ཚད་ཀྱི་སྲོག་རྩ་དེ་ལག་ཤེས་པར་རག་ལུས་ཡོད་ཅེས་སླར་ཡང་ནན་བཤད་གནང་ཡོད། བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བཟོ་བོའི་རིག་གནས་ཟབ་གཏོད་བྱེད་པ། ལས་རིགས་ཀྱི་ཀུན་སྤྱོད་ནན་པོ་སྲུང་བ། ཡག་ཐོག་ཡག་བརྩེགས་དོན་གཉེར་བཅས་བྱས་ཏེ། “ཀྲུང་གོའི་བཟོ་བོ”དེ་བས་མང་པོ་གསོ་སྐྱོང་བྱེད་དགོས་པ་དང་། དེང་སྐབས་ལས་རིགས་སློབ་གསོའི་སྒྱུར་བཅོས་ཐད་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་གཙོ་རྒོལ་གྱི་ཁ་ཕྱོགས་སུ་བརྩིས་ནས་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒོ་དབྱེའི་སློབ་གཉེར་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ། ཁ་ཕྱོགས་གཏན་འཁེལ་གྱི་སློབ་མ་བསྡུས་ནས་ཁྲོམ་རའི་དགོས་མཁོ་དང་འཚམ་པ་བྱེད་དགོས་པ། ལས་རིགས་སློབ་གསོའི་སློབ་གཉེར་ཆུ་ཚད་དང་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ནས་སློབ་མ་ཚོས་ཤེས་བྱ་ཤེས་ཐུབ་པ་དང་། རྩལ་ནུས་ཁོང་དུ་ཆུད་ཐུབ་པ། རྒྱུན་མཐུད་ངང་འཕེལ་རྒྱལ་གཏོང་ཐུབ་པ་བཅས་ཀྱི་ནུས་པ་ལྡན་པ་བྱེད་དགོས་པ། བཟོ་གྲྭ་དང་སློབ་གྲྭ་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་ལ་དམིགས་ནས་ཆེད་ལས་སྦྱོང་བ་དང་། སློབ་གྲྭ་གསར་སྤེལ་ཁུལ་དང་། མཐོ་གསར་ཁུལ། བཟོ་ལས་གླིང་བཅས་སུ་བཙུགས་ཏེ། ཁྲོམ་རའི་འགྱུར་ལྡོག་དང་ཁེ་ལས་ཀྱི་དགོས་མཁོ་དང་འཚམ་པའི་ལས་རིགས་སློབ་གསོའི་གསོ་སྐྱོང་རྟེན་གཞི་གཉེར་དགོས་ཞེས་གསུངས་པ་རེད།
         ཀོང་ཤིས་དང་། ཀུའེ་ཀྲོའུ། སི་ཁྲོན། ཧོ་ནན། ཉིང་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ནས་ཕེབས་པའི་གཞི་རིམ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་སྤྱི་དང་། དགེ་རྒན་200ལྷག་ཙམ་དང་དེ་བཞིན་ཨ་རི་དང་ཏེན་མག་སོགས་ནས་ཕེབས་པའི་རྒྱལ་སྤྱིའི་སྐུ་མགྲོན་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།