འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིམ་པའི་རིག་ཚན་གཙོ་བོའི་ཆེད་དམིགས་ཀྱི་གནད་སྨིན་དབུལ་སྐྱོར་གྱིས“ནད་
    ཆེན་རྫོང་ནས་ཐོན་མི་དགོས་པར”སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་རྒྱལ་ཁབ་རིམ་པའི་རིག་ཚན་གཙོ་བོའི་ཆེད་དམིགས་ཀྱི་གནད་སྨིན་དབུལ་སྐྱོར་འདུ་འགོད་པེ་ཅིང་དུ་ལག་བསྟར་བྱེད་འགོ་བཙུགས་ཏེ་རྫོང་རིམ་པའི་སྨན་ཁང་ལ་དཔྱད་ཞིབ་ཚད་ལོན་རྗེས་རྒྱལ་ཁབ་རིམ་པའི་རིག་ཚན་གཙོ་བོའི་དཔེ་སྟོན་སྨན་ཁང་གི་བྱང་བུ་བཀལ་ནས། འབྲས་སྐྲན་དང་། སྙིང་ནད་ཁྲག་རྩ། གྲིབ་སྐྱོན་སོགས་ཐད་ཀྱི་རིག་ཚན་གཙོ་བོ་8འཛུགས་རྒྱུར་རོགས་སྐྱོར་བྱ་རྒྱུ་མ་ཟད། རིགས་གཅིག་མཁས་པའི་ཁ་གཏད་རོགས་སྐྱོར་དང་། སྨན་པ་གསོ་སྦྱོང་། རོགས་དངུལ་ཁ་གསབ་སོགས་གནད་སྨིན་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལོངས་སྤྱོད་ཐུབ་པ་བྱས་ཏེ། འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་འཕྲོད་བསྟེན་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
         ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་རྩ་བཅོས་བྱེད་པར་སྨན་བཅོས་ཀྱི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་སྟབས། 2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་མི་འབོར་དབུལ་པོར་ཡིག་ཚགས་དང་གཱ་བཟོས་པར“ཕྱིར་མིག་ལྟ་བའི”གྲངས་གཞི་ལས། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་པའི་ཁྱིམ་དུད་ཀྱིས་དུད་ཚང་དབུལ་པོའི་གྲངས་འབོར་ཁྲོད་44.1%བཟུང་བ་མངོན་ཡོད།
         《རིམ་དབྱེའི་ནད་དཔྱད་སྨན་བཅོས་ལམ་ལུགས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》ལ་གཞིགས་ཚེ། རྒྱལ་ཁབ་རིམ་པའི་རིག་ཚན་གཙོ་བོ་དར་སྤེལ་བཏང་བ་བརྒྱུད་འདུ་འགོད་ལ་བརྟེན་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྫོང་ལ་ཕྱོགས་རྒྱུར་ཁྲིད་སྟོན་བྱས་ཏེ། འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་གཞི་རིམ་སྨན་བཅོས་སྒྲིག་གཞིའི་ལག་རྩལ་ཞབས་ཞུའི་ཆུ་ཚད་མཐོ་རུ་དང་ས་ཁུལ་དབུལ་པོའི་སྨན་བཅོས་ཁོར་ཡུག་ལེགས་སུ་བཏང་ནས“ནད་ཆེན་རྫོང་ནས་ཐོན་མི་དགོས་པར”ནུས་པ་འདོན་རྒྱུ་ཡིན་པ་རེད།
         འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། འདུ་འགོད་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་ཡུལ་ཞིང་ཆེན་གཙོ་བོ་17ལ་རྒྱལ་ཁབ་རིམ་པའི་རིག་ཚན་གཙོ་བོའི་དཔེ་སྟོན་ལྟེ་གནས(སྨན་ཁང)བསྐྲུན་རྒྱུ་རེ་ཞུ་བྱེད་པའི་ལས་དོན་སྤེལ་ཏེ། ཞིང་ཆེན་སོ་སོར་དཔེ་སྟོན་ལྟེ་གནས་3དང་དཔེ་སྟོན་སྨན་ཁང་10འཛུགས་རྒྱུ་དང་གཞི་རིམ་སྡེ་ཁུལ་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་གི་དྲ་ཚིགས་3000ལ་ཁྱབ་པར་བྱ་རྒྱུ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་སྨན་ཁང་100ལ་རྒྱང་ཁྲིད་སྒོ་བསྟེན་མ་ལག་ཀྱང་འཛུགས་རྩིས་ཡོད་པ་རེད།
         དཔེ་སྟོན་ཚན་པར་རིགས་གཅིག་མཁས་པ་ཚོགས་པའི་ཁ་གཏད་རོགས་སྐྱོར་ཐོབ་རྒྱུ་ཡིན་ཞིང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་གཞོན་པ་ཡོན་ཧྲི་ཧྥན་ཏའེ་མིང་གིས་རིགས་གཅིག་མཁས་པའི་ཚོགས་པའི་སྣེ་ཁྲིད་དེ་དཔེ་སྟོན་ཚན་པར་དུས་ཡུན་རིང་པོར་སྨན་དོན་པའི་གསོ་སྦྱོང་ལམ་སྲོལ་བཙུགས་ནས་ནད་ཐོག་གཤགས་བཅོས་ལག་རྩལ་དམར་ཁྲིད་དང་ནད་སྐོར་རྒྱག་པ་སོགས་བྱ་རྒྱུ་མ་ཟད། རིག་ཚན་གྱི་བླང་བྱ་བཞིན་ཚན་ཞིབ་བརྗོད་གཞི་འདོན་པ་དང་དུས་ངེས་མེད་ངང་རིག་གཞུང་སྤེལ་རེས་བྱས་ཏེ་དཔེ་སྟོན་ཚན་པར་ཆུ་ཚད་མཐོ་བའི་ནད་ཐོག་ཉེར་སྤྱོད་ཤེས་ལྡན་པ་དང་རིག་ཚན་སྣེ་འཁྲིད་པ་ཁག་གཅིག་གསོ་སྐྱོང་བྱ་རྒྱུ་ཡིན་ལ། ད་དུང་སྨན་པ་དང་བླངས་པ་200ཙམ་སྒྲིག་འཛུགས་བྱས་ནས་རྫོང་དབུལ་པོར་སྨན་བཅོས་རོགས་སྐྱོར་བྱེད་པར་གཏོང་རྒྱུ་ཡིན་པ་རེད།
         ད་དུང་དཔེ་སྟོན་ཚན་པར་མ་དངུལ་རོགས་སྐྱོར་ཐོབ་རྒྱུ་ཡིན་ཞིང་། ཀྲུང་གོའི་དམའ་རིམ་འཕྲོད་བསྟེན་འཕྲོད་སྦྱོར་ཐེབས་རྩ་ལྷན་ཚོགས་དང་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས། ས་ཁུལ་དབུལ་པོའི་སྨན་བཅོས་འཕྲོད་བསྟེན་ལ་དམིགས་པའི་རོགས་སྐྱོར་གྱི་གཞི་རྩའི་སྲིད་ཇུས་ལ་བལྟས་ནས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ། དཔེ་སྟོན་ཚན་པར་སྒྲིག་ཆས་ཉོ་བ་དང་གཤགས་བཅོས་ཁང་རྒྱག་པ་སོགས་ཀྱི་ཁ་གསབ་སྤྲོད་རྒྱུ་དང་དངུལ་རྩའི་སྒྲིག་གཞིར་གཞོགས་འདེགས་བྱས་ནས་སྐྱེད་དམའི་དངུལ་བུན་ལོ་ལྔ་ནས་བརྒྱད་བར་གཏོང་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།