འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྲུ་གུའི་འགྲམ་ནས“སློབ་གསོའི་ཐོག་མའི་བསམ་འདུན”འཚོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དང་ཅུས་ཀྲང་གཞོན་པའི་གོ་གནས་བློས་བཏང་ནས་ཨུ་ཚུགས་མཐའ་སྐྱེལ་ངང་གཞི་རིམ་གྱི་སློབ་གྲྭར་སློབ་སྤྱིའམ་ཡང་ན་དགེ་རྒན་དཀྱུས་མ་ཞིག་བྱེད་པར་ཡོང་བའི་གནས་ཚུལ་ལོ་ཤས་རིང་ཡང་ཡང་ཐོན་གྱི་ཡོད།
          ཧྲང་ཧའེ་ཧྥུའུ་ཏུང་ཁུལ་གསར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་བློས་བཏང་ནས་ཧྲེན་ཀྲེན་མིང་ཏེ་ཚོད་ལྟའི་སློབ་གྲྭའི་སློབ་སྤྱི་བྱེད་པར་ཡོང་བའི་ཁྲེང་ཧུང་པིང་དང་། ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་སློབ་གསོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་གོ་གནས་བློས་བཏང་ནས་ཁྲུང་ཆིང་གྲོང་ཁྱེར་ཙི་ཧྲུའེ་སློབ་འབྲིང་གི་སློབ་སྤྱིའི་འགན་འཁུར་བའི་ཝང་དབྱི། ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པའི་གོ་གནས་བློས་བཏང་ནས་ཏ་ལན་ཧའེ་ཧྲེ་སློབ་ཆེན་དུ་ཟུར་ཁྲིད་པ་བྱེད་པར་ཡོང་བའི་ཆུས་ཅན་ཝུའུ། སློབ་གསོ་པུའི་ལས་ཀ་བློས་བཏང་ནས་པེ་ཅིང་སློབ་གྲྭ་བཅུ་གཅིག་པར་སློབ་སྤྱི་བྱས་ཏེ་སློབ་གསོ་སྒྱུར་བཅོས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བའི་ལི་ཞི་ཀུའེ་སོགས་ནི“དཔོན་གནས་བློས་བཏང་ནས་སློབ་གསོའི་ལས་ལ་ཞུགས་མཁན”ཤ་སྟག་རེད།
          གང་འདྲ་ཞིག་ལ་སློབ་གསོ་ཟེར་རམ། སློབ་གསོའི་ངོ་བོ་ནི་དགེ་རྒན་གྱིས་རང་ཉིད་ཀྱི་ཤེས་ཡོན་ལ་བརྟེན་ནས་སློབ་མར་ཤུགས་རྐྱེན་ཐེབས་པ་བྱ་རྒྱུ་དེ་ཡིན། རྒྱ་ཆེའི་དགེ་རྒན་གྱི་ངོས་ནས་བརྗོད་ན། སློབ་གསོ་དང་དགེ་རྒན་ལས་རིགས་ཀྱི་ཡིད་དབང་འཕྲོག་ཤོས་ནི་མི་གཞན་ལ་ཤེས་ཡོན་བསླབ་རྒྱུ་དེ་རེད། དགེ་རྒན་མང་པོ་ཞིག་གིས་ལས་རིགས་དེར་གཞོལ་དོན་ནི་ཕྲུ་གུ་ཚོར་ཤེས་ཡོན་སློབ་ཐུབ་པ་མ་ཟད། ཕྲུ་གུ་ཚོ་དང་བློ་སེམས་མཐུན་ནས་ཁོང་ཚོའི་མི་ཚེའི་རིན་ཐང་མངོན་ཐུབ་པས་རེད། སློབ་ཁྲིད་བྱེད་སྐབས་དགེ་རྒན་ཚོས་བསམ་བློ་ཡོངས་རྫོགས་སློབ་ཚན་ལ་བཞག་ནས་སློབ་ཁྲིད་གཏིང་ཟབ་བྱས་ཏེ་སློབ་མའི་སེམས་ལ་ཟུག་པ་བྱེད་ཀྱི་ཡོད། དགེ་རྒན་མང་པོས་སློབ་མ་འཚར་ལོངས་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་དོགས་པ་དང་དཀའ་གནད་ལ་སེམས་ཁྲལ་བྱེད་དགོས་དོན་ནི་སློབ་གསོས་མི་ཞིག་གི་འཚར་ལོངས་བརྒྱུད་རིམ་ནང་བག་ཆགས་ཟབ་མོ་ཞིག་འཇོག་གི་ཡོད་པས་རེད། གོ་གནས་བློས་གཏོང་བྱས་རྗེས་སློབ་གསོའི་ལས་ལ་གཞོལ་ནས་ཕྲུ་གུར་སློབ་ཁྲིད་བྱས་ཏེ་སློབ་གསོའི་ཉམས་འགྱུར་ལ་མྱོང་རོལ་བྱེད་པ་ནི་སློབ་གསོའི་དོན་སྙིང་གལ་ཆེན་ཞིག་རེད།
         མིག་སྔར་སློབ་གསོ་སྒྱུར་བཅོས་གཏིང་ཟབ་བྱེད་ཅིང་། སྒྱུར་བཅོས་བྱེད་བདེ་བ་དང་བྱེད་སླ་བ་ཚང་མ་སྒྱུར་བཅོས་བྱས་ཟིན་ནས་ལྷག་མ་རྣམས་ནི་སྒྱུར་བཅོས་བྱེད་དཀའ་བ་ཤ་སྟག་ཡིན་པ་དང་དེ་དག་ནི་སློབ་གསོའི་གཅོང་ནད་ལྟ་བུ་ཞིག་རེད། ཇི་ལྟར་བྱས་ཏེ་སློབ་གསོ་སྒྱུར་བཅོས་རྒྱུན་མཐུད་དང་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་སམ། ཇི་ལྟར་བྱས་ནས་སློབ་གསོའི་དཀའ་གནད་མང་པོ་སེལ་དགོས་སམ། གནད་དོན་དེའི་ཐད་རྩེ་རིམ་ཇུས་འགོད་ལ་བསམ་བློ་གཏོང་དགོས་པ་སྨོས་ཅི་དགོས། དེ་བས་གལ་འགངས་ཆེ་བ་ནི་བརྩེ་སེམས་ལྡན་པ་དང་། མིག་རྒྱང་རིང་བ། བསམ་གཞིག་བྱེད་ནུས་ལྡན་པ་བཅས་ཀྱི་སློབ་གསོ་མཁས་ཅན་སློབ་གསོའི་འཐབ་ས་དང་པོར་ཞུགས་ནས་སྒྱུར་བཅོས་ཀྱི་འདུ་ཤེས་དེ་ལག་ལེན་དངོས་ནང་སྐུལ་འདེད་གཏོང་བ་དང་དཀའ་ཚེགས་ཁྲོད་མ་འོངས་ཀྱི་སྒྱུར་བཅོས་ཁ་ཕྱོགས་དང་ལམ་བུ་འཚོལ་ཞིབ་བྱ་རྒྱུ་དེ་ཡིན། སློབ་གསོ་མཁས་ཅན་ངོ་མ་ནི་དཔེ་དེབ་ཁོ་ན་ལས་བྱུང་བ་ཞིག་མ་ཡིན་པར་སློབ་གླིང་དང་སློབ་ཁང་ནས་བྱུང་བ་ཞིག་རེད།
         གོང་དུ་བརྗོད་པའི་ཁོང་ཚོའི་གདམ་ག་དེ་དག་ལས་ང་ཚོར་དཔོན་རིགས་འགའ་ཞིག་ཉུང་དུ་སོང་ཡང་སློབ་གསོ་མཁས་ཅན་འཚར་ལོངས་བྱུང་ནས་་སློབ་གསོ་སྔར་བས་ལེགས་སུ་འགྲོ་ཐུབ་པའི་མྱོང་ཚོར་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།