འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་གྲོས་ཚོགས་ཐོག་ཁང་གི་ཉེ་འཁོར་དུ་འཇིགས་སྐུལ་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་
    སྟེ་མི་5གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱིན་ཇིའི་གྲོས་ཚོགས་ཐོག་ཁང་གི་ཉེ་འཁོར་དུ་འཇིགས་སྐུལ་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་
སྟེ་མི་5གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན་གྱི་ཕྱི་དྲོར། དབྱིན་ཇི་རྒྱལ་ཁབ་ཀྱི་ལོན་ཏོན་གྲོང་ཁྱེར་ལྟེ་གནས་ཀྱི་གྲོས་ཚོགས་ཐོག་ཁང་གི་ཉེ་འཁོར་དུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། ཚེས་22ཉིན་གྱི་དགོང་མོར། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་ལོན་ཏོན་དུ་བྱུང་བའི་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ནང་གྲོངས་པའི་མི་གྲངས་5འཕར་བ་དང་། མི་40རྨས་སྐྱོན་ཕོག་འདུག་ཅེས་གསལ་བསྒྲགས་བྱས་པ་རེད།
           ལོན་ཏོན་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇིགས་རྒོལ་སྡེ་ཚན་གྱི་འགན་ཁུར་པ་མཱ་ཁེ་•རའོ་ལི་ཡིས་གྲོང་ཁྱེར་ལྟེ་གནས་སུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ་དོན་རྐྱེན་འདི་ནི་འཇིགས་སྐུལ་གྱི་འཇབ་རྒོལ་བྱས་པ་ཞིག་ཡིན་པ་ངོས་འཛིན་གཏན་འཁེལ་བྱས་པ་རེད་ཅེས་བརྗོད། རའོ་ལི་ཡིས་ད་དུང"ང་ཚོས་ད་སྐབས་འཇིགས་སྐུལ་གྱི་འཇབ་རྒོལ་བ་གཅིག་རང་ལས་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད"ཅེས་བརྗོད་པ་རེད།
           ས་གནས་དེ་གའི་སྨྱན་སྦྱོར་དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། འཇབ་རྒོལ་ནི་ས་གནས་དེ་གའི་དུས་ཚོད་ཀྱི་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་40ཡས་མས་སུ་བྱུང་ཞིང་། འཇབ་རྒོལ་བས་རླངས་འཁོར་བཏང་ནས་ལོན་ཏོན་གྲོང་ཁྱེར་ལྟེ་གནས་ཀྱི་གྲོས་ཚོགས་ཐོག་ཁང་ཉེ་འཁོར་གྱི་ཝེ་སི་མའེ་སི་ཐི་ཟམ་ཆེན་བརྒྱུད་ནས་བྱང་ངོས་ན་ཡོད་པའི་མི་ཚོགས་སུ་རྒྱུག་པ་ལས། ཉེན་རྟོག་པ་གསུམ་འདུས་པའི་མི་མང་པོ་ཞིག་རྨས་སྐྱོན་བཟོས་པ་རེད། རླངས་འཁོར་དེ་ཟམ་པ་བརྒྱུད་དེ་གྲོས་ཚོགས་ཐོག་ཁང་གི་ཉེ་འཁོར་ལམ་འགྲམ་གྱི་རྒྱུག་ཁྲར་ཐོགས་ཏེ་བསྡད་པ་དང་། འཇབ་རྒོལ་བ་རླངས་འཁོར་ནས་བབས་རྗེས་གྲི་ཞིག་བཏོན་ནས་མི་ཚོགས་ལ་འདེད་ཞོར་དུ་གྲོས་ཚོགས་ཐོག་ཁང་དུ་འཛུལ་རྩིས་བྱས་པ་རེད། འཇབ་རྒོལ་བས་བདེ་སྲུང་མི་སྣ་ཞིག་ལ་གྲི་བཙུགས་པའི་རྗེས། ཉེན་རྟོག་པས་མེ་མདའ་བརྒྱབ་ཏེ་བསད་པ་རེད། 
           དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལའེ་ཧྲ་•མའེ་ཡིས་ཉིན་དེའི་དགོང་མོར་འབྲེལ་ཡོད་ཛ་དྲག་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་ཏེ་ཁ་གཏད་འཇལ་ཐབས་ཞིབ་ཕྲ་གྲོས་མོལ་བྱས་པ་རེད། ཚོགས་འདུ་གྲོལ་རྗེས། ཁོ་མོས་དབུ་བཞུགས་བློན་ཆེན་སྒར་ཤག་གི་ཕྱི་རུ་ཐེངས་འདིའི་འཇིགས་སྐུལ་གྱི་འཇབ་རྒོལ་ལ་ཁ་རྡུང་དྲག་པོ་གནང་བ་དང་། འདི་ནི་མི་རྣམས་ཞེན་པ་ལོག་པ་དང་། ངན་རེངས་ཐ་མལ་བའི་འཇིགས་སྐུལ་གྱི་འཇབ་རྒོལ་ཞིག་རེད་ཅེས་གསལ་བསྒྲགས་གནང་བ་རེད།
          གསལ་བསྒྲགས་སུ། ཁོ་མོས་དབྱིན་ཇིས་འཇིགས་སྐུལ་གྱི་འཇབ་རྒོལ་འདིར་གཞིགས་ནས་ད་ལྟའི་འཇིགས་སྐུལ་ཉེན་ཁའི་རིམ་པ་མཐོ་རུ་མི་གཏོང་བར་སྔར་བཞིན་རིམ་པ་ལྔ་ཡི་ནང་གི་རིམ་པ་གཉིས་པའི་མཐོ་རིམ་ཛ་དྲག་རིམ་པར་འཇོག་རྒྱུ་ཡིན་ཞེས་བརྗོད་པ་ཡོད་པ་དང་། ཁོ་མོས་ད་དུང་དྲག་སྤྱོད་ཀྱི་ཐབས་གང་རུང་ཞིག་ལ་བརྟེན་ནས་དབྱིན་ཇིའི་རིན་ཐང་ལྟ་བ་ཕམ་པར་བྱེད་སྙམ་པའི་དམིགས་ཡུལ་ཚང་མ"ཕམ་ཁ་འབྱུང་ངེས་རེད"ཅེས་བརྗོད་པ་རེད།
           དབྱིན་ཇིར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ད་ལྟ་ཀྲུང་གོའི་སྤྱི་དམངས་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་ལུགས་བསྟན་པ་རེད།
    ༄༅།།དབྱིན་ཇིའི་གྲོས་ཚོགས་ཐོག་ཁང་གི་ཉེ་འཁོར་དུ་འཇིགས་སྐུལ་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་
སྟེ་མི་5གྲོངས་པ།
    ༄༅།།དབྱིན་ཇིའི་གྲོས་ཚོགས་ཐོག་ཁང་གི་ཉེ་འཁོར་དུ་འཇིགས་སྐུལ་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་
སྟེ་མི་5གྲོངས་པ།
    ༄༅།།དབྱིན་ཇིའི་གྲོས་ཚོགས་ཐོག་ཁང་གི་ཉེ་འཁོར་དུ་འཇིགས་སྐུལ་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་
སྟེ་མི་5གྲོངས་པ།
      

    ཕྱོགས་བསྡུས་གསར་འགྱུར།