འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འགག་སྒྲོལ་ལོ་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་བར།

    —— ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་ ཤུགས་རྒྱག་པའི་ཐད་ལྟ་སྟངས་ཡག་པོ་འཛིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མཐིལ་རྟོགས་བྱེད་པར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི“ལྡེ་མིག”དམ་པོར་འཛིན་དགོས་ཀྱི་ཡོད། འདི་ལོ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ལོ་ཞིག་ཡིན་པ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་གཙོ་གནད་ལས་འགན་གྱི“གསལ་ཐོའི”ནང“གསུམ་འདོར་གཅིག་གཅོག་གཅིག་གསབ”ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་གནས་བབ་ཨང་དང་པོར་བཞག་པ་དང་ལོ་གསར་པར་སྲིད་གཞུང་གིས་མུ་མཐུད་གནད་སྨིན་ཇུས་འདོན་བྱ་རྒྱུ་རེད།
          ཕྱི་རྒྱལ་གྱི་ལྟ་ཞིབ་མི་སྣས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ནི་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གཏོང་བའི་རྩ་བཅོས་ཐབས་མཆོག་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
         ཐུར་ཁེའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སེར་ཆིའུ་ཁེ·ཆའོ་ལ་ཁེ་ཨའོ་ལུའུ་ཡིས་ཀྲུང་གོ་སྲིད་གཞུང་གིས་ཁྱབ་གདལ་བཏང་བའི་དཔལ་འབྱོར་གྱི་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུར་དམིགས་པའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་འགན་ལེན་བྱེད་པའི“དུས་ཐོག་དང་དགོས་ངེས”ཀྱི་བྱེད་ཐབས་ཤིག་རེད་ཅེས་བཤད།
         རི་པིན་ཝན་ཧུང་ཀྲུའུ་ཧྲི་ཚོགས་པའི་ཁྲོམ་རའི་ལས་སྒོ་པུའི་ཀྲུང་གོའི་ཚོགས་ཆུང་གི་འགན་ཁུར་བ་ཁྲེང་ཡུས་ལིན་གྱིས་ཀྲུང་གོ་སྲིད་གཞུང་གིས་ལག་བསྟར་བྱས་ཟིན་པ་དང་བྱེད་རྩིས་ཡོད་པའི་སྒྱུར་བཅོས་བྱེད་ཐབས་ཀྱིས་ཀྲུང་གོའི་དཔལ་འབྱོར་ཐོན་ལས་ཕྱོགས་སྒྱུར་དང་སྤུས་ཚད་གོང་མཐོར་དང་ཕན་འབྲས་འཕར་རྒྱུར་འཐུས་སྒོ་ཚང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་འཁོར་རྒྱུག་ཁོར་ཡུག་མཁོ་འདོན་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་དང་། ཁོང་གིས་ད་དུང་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་སྲིད་གཞུང་གི་ལས་ཀའི་གཙོ་གནད་དུ་བཅུག་པས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་ཁྱབ་ཁོངས་དེ་བས་ཆེ་རུ་ཕྱིན་པར་དོ་སྣང་བྱུང་ཡོད།
         ཁེན་ནི་ཡའི་ནེ་རོ་པིའི་ཨ་རིའི་རྒྱལ་སྤྱིའི་འབྲེལ་བའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མ་ཁྲ་ལི་ཡ·མུ་ནེ་ནེ་ཡིས་ཀྲུང་གོའི་རྒྱལ་ནང་དུ་ཕྲད་པའི་འགྲན་སློང་ལ་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས་པ་དང་ཆབས་ཅིག་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱེད་དགོས་པ་དེ་ཡིན་པའི་ངོས་འཛིན་བྱས་པ་རེད།
         ཧིན་རྡུ་ཉི་ཞི་ཡའི་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེན་ཧྲུའུ་ལིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་དོ་སྣང་རྒྱ་ཁྱབ་ངང་བྱེད་ཀྱི་ཡོད་པ་དང་། མཐའ་འཁོར་རྒྱལ་ཁབ་ཀྱིས་ཀྲུང་གོའི་དཔལ་འབྱོར་མུ་མཐུད་བརྟན་པོའི་ངང་འཕར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
         ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐུན་མོང་སྒྲིག་གཞིའི་སྲོལ་གཏོད་པ་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཟུར་པ་ཏི་ནོ་ཕ་ཏི·ཅ་ལ་ལེ་ཡིས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་སྲིང་རང་བཞིན་སྔར་བས་ལྡན་པ་དང་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་བྱས་པ་དེས་འཛམ་གླིང་ལ་གོ་སྐབས་བཟང་པོ་སྐྲུན་རྒྱུ་ཡིན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་མུ་མཐུད་བརྟན་པོའི་ངང་འཕར་རྒྱུའི་རེ་བ་བྱེད་དོན་ནི་དེས་འཛམ་གླིང་ཡོངས་ལ་ཕན་པ་ཐོབ་སྲིད་པས་རེད་ཅེས་བཤད།
         ཝེ་ཐེ་ནམ་གྱི་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་རོན་ཁྲུན་ཆང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་ལས་ཀྲུང་གོའི་དཔལ་འབྱོར་2016ལོར་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་བྱུང་བ་དང་དཔལ་འབྱོར་འཕར་ཚད་ཀྱི་དམིགས་ཚད་སྔོན་དཔག་ལྟར་བྱུང་བ་དེ་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དེས་ཀྲུང་གོའི་2017ལོའི་འཕར་ཚད་ཀྱི་སྔོན་དཔག་དམིགས་ཚད་མངོན་འགྱུར་ལ་རོགས་སྐྱོར་ཐུབ་རྒྱུ་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་དང་ད་དུང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་སྟོབས་ཤུགས་བརྟན་པོ་སྐྱེས་སུ་འབུལ་སྲིད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།