འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ཡག་པོ་སྲུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 17:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           “བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་། རང་རྒྱལ་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི་གཙང་ཆུ་གཙོ་བོའི་ཆུ་འགོ་ཁུལ་དང་སྟོད་རྒྱུད་ཆུ་བོ་རྒྱུག་ཁུལ་ཡིན་པས‘གཙང་ཆུའི་ཆུ་འགོ’དང‘སྣོད་བཅུད་ཀྱི་འབྱུང་ཁུངས’ཞེས་གྲགས་པ་མ་ཟད། ད་དུང་ཀྲུང་གོ་ཙམ་དང་། ཐ་ན་ས་གོ་ལའི་ཤར་ཕྱེད་གནམ་གཤིས་འགྱུར་ལྡོག་གི‘སྒུལ་ཤུགས’དང‘སྙོམས་སྒྲིག་ཡོ་ཆས’ལྟ་བུ་ཡིན་པས་སྣོད་བཅུད་ཀྱི་གནས་བབ་ཧ་ཅང་གལ་ཆེན་ལྡན་ཡོད”ཅེས་ཉེ་ཆར་བོད་ཀྱི་འཐུས་མི་ཚོགས་པའི་སྒོ་དབྱེ་ཚོགས་སྒྲིག་གི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་རང་སྐྱོང་ལྗོངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཀྲུང་ཕྱིའི་སྨྱན་སྦྱོར་ཚན་པར་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་སྐོར་གླེང་སྐབས་དེ་ལྟར་གསུངས་པ་རེད།
           བློ་བཟང་རྒྱལ་མཚན་གྱིས་བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་ལེན་ནན་ཏན་བསྟར་ཏེ་སྣོད་བཅུད་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག དཔལ་འབྱོར་འཕེལ་རྒྱས་བཏང་ནས་གངས་ལྗོངས་ས་མཐོའི་སྔོ་ཐིང་ཐིང་གི་རྩྭ་དང་རྩི་ཤིང་དང་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོང་བྱེད་པ། ལྗང་མདོག་འཕེལ་རྒྱས་དང་། འཁོར་རྒྱུག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་ལ་རང་འགུལ་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་དང་མཁའ་རླུང་གཙང་མ་ནམ་ཡང་གནས་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཏམ་བཤད་སྤེལ་སྐབས། ཏང་ཀྲུང་དབྱང་གིས་བོད་ཀྱི་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་གནང་གི་ཡོད་པས། མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཡུན་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པ་དང་། བོད་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ཀྱིས་ང་ཚོར་གནང་བའི་ཐབས་ཇུས་ལས་འགན་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།
         ཆེ་དགྲ་ལྷས་སྔར་ནས་ད་བར་བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྒྱུན་འཁྱོངས་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐའ་ཚད་དང་། དམར་ཐིག དམ་བསྒྲགས་ཚད་གཞི་བཅས་སུ་བརྩི་གི་ཡོད། གཏེར་རྫས་ཐོན་ཁུངས་རྩད་གཅོད་གསར་སྤེལ་ཐད་ཀྱི་བོད་རང་སྐྱོང་ལྗོངས་ཀྱི“སྨྱུ་གུ་གཅིག”གིས་ཞིབ་མཆན་འགོད་པ་དང་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་ལེན་ནན་པོ་བསྟར་ནས“མཐོ་གསུམ”ཁེ་ལས་དང་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ་དང་ནང་འདྲེན་མི་བྱེད་པ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ཤིང་འཛུགས་ནགས་བཟོའི་ལས་གྲྭ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་83.8བྱས་པ། ས་ཆའི་ཐོན་ཁུངས་གསར་སྤེལ་གྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པར་གདེང་འཇོག་བྱེད་པ་དང་ལས་གྲྭ་དང་རྣམ་གྲངས་གལ་ཆེན་གྱི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་ཐབས་ལག་ལེན་ནན་པོ་བསྟར་ཡོད། མིག་སྔར་བོད་ཀྱི་ཆུ་དང་། རླུང་ཁམས་ཆེ་མོ། ས་རྒྱུ་བཅས་ཀྱི་སྤུས་ཚད་ཡག་པོ་ཡོད་པ་དང་སྔར་བཞིན་འཛམ་གླིང་ཐོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་ཤོས་ས་ཁུལ་གྱི་གྲས་ཤིག་རེད་ཅེས་གསུངས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ཀྱིས་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.2ཟིན་ནས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%ཙམ་བཟུང་སྟེ་རིགས་ཅུང་ཆ་ཚང་བ་དང་ཁྱབ་རྒྱ་ཅུང་ལུགས་མཐུན་ཡིན་པའི་སྣོད་བཅུད་སྲུང་སྐྱོང་དྲ་རྒྱའི་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།