འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གསར་གཏོད་ལས་ཁེ་ཕན་གསར་པ་བྱུང་བ།

    —— ཀྲུང་གོས་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པར་སྐུལ་འདེད་གཏོང་བའི་ཐད་ཕྱི་རྒྱལ་དུ་གྲོས་བསྡུར་འཁྲུག་པོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་སྔར་ནས་ཕྱི་རྒྱལ་གྱིས་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། དབྱིན་ཇིའི་《དངུལ་རྩའི་སྐབས་དོན་ཚགས་པར་》གྱིས་དོ་སྣང་བྱས་པར། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ“དངུལ་སྨར་མེད་པའི་སྤྱི་ཚོགས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་པོ་བྱེད་པའི་གླེང་གཞི་ཞིག་ཏུ་གྱུར་ཡོད།
          ལྟོ་ཆས་ཕྱི་ནས་མངགས་པ་དང་། གྱོན་གོས་འཁྲུ་བ། རླངས་འཁོར་ཉམས་བཟོ། གློག་བརྙན་སྤ་སེ་ཉོ་བ་སོགས་ཚང་མ་ལག་ཐོགས་ཁ་པར་ནས་མངགས་ནས་འགྲིག་པ་དང་། སྣུམ་སྣོན་ས་ཚིགས་དང་། སྟབས་བདེའི་ཚོང་ཁང་། ཟ་ཁང་། ཤིང་འབྲས་ཚོང་ཁང་བཅས་ཚང་མར་སྒུལ་བདེའི་གཏོང་སྤྲོད་བྱས་ན་ཆོག་གི་ཡོད་པས་《དངུལ་རྩའི་སྐབས་དོན་ཚགས་པར་》གྱིས་བལྟས་ན་ཀྲུང་གོ་བའི་ངོས་ནས་བརྗོད་ན་གནད་འགག་ཆེན་པོ་མེད་པའི་རྒྱུན་གཏན་གྱི་བྱ་བ་དེ་དག་ལས་ཀྲུང་གོའི་གསར་གཏོད་ཀྱི་ནུས་ཤུགས་སྟོབས་ཆེན་མངོན་གྱི་ཡོད། “སྒུལ་བདེའི་དྲ་སྦྲེལ་དང་འདྲ་བར་(དངུལ་སྨར་མི་སྤྲོད་པའི)ཁྱབ་ཁོངས་དེའི་ཁྲོད་ཀྲུང་གོ་འདི་ཉིད་འཛམ་གླིང་གི་སྔོན་སྐྱོད་གནས་བབ་ཏུ་སླེབས་ཡོད”
         འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གསར་གཏོད་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་དགོས་པ་བཏོན་ཡོད། ཐུར་ཁེའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སེར་ཆིའུ་ཁེ ·ཆའོ་ལ་ཁེ་ཨའོ་ལུའུ་ཡིས་དེའི་ཐད་མོས་མཐུན་ཆེན་པོ་བྱེད་པ་དང“དཔལ་འབྱོར་ངལ་རྩོལ་ལེགས་བསྡུས་ཀྱི་རྣམ་པ་ནས་ལག་རྩལ་མཐོ་བའི་ཟུར་སྣོན་རྣམ་པ་བར་འགྱུར་ལྡོག་འགྲོ་རེ་བྱེད་པའི་ཀྲུང་གོ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་གསར་གཏོད་ཀྱི་སྲིད་ཇུས་གནད་འགག་ཤིན་ཏུ་ཆེ”ཞེས་བརྗོད།
         རི་པིན་ཝན་ཧུང་ཀྲུའུ་ཧྲི་ཚོགས་པའི་ཁྲོམ་རའི་ལས་སྒོ་པུ་ཀྲུང་གོའི་ཚོགས་ཆུང་གི་འགན་ཁུར་བ་ཁྲེང་ཡུས་ལིན་གྱིས་ཀྲུང་གོའི་གསར་གཏོད་ཀྱི་སྲིད་ཇུས་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད། ཁོང་གིས་ཀྲུང་གོས་དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་པ“འགུལ་ནུས་གསར་རྙིང་འགྱུར་ལྡོག་དང་དཔལ་འབྱོར་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ”གཏན་འཁེལ་བྱས་ཏེ“ལས་གཏོད་གསར་གཏོད”ལ་བརྟེན་ནས་གསར་གཏོད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགུལ་ནུས་གསར་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འགུལ་ནུས་གསར་པས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་འདེགས་སུ་འཇུག་པ་དང་དུས་མཚུངས་སྲོལ་རྒྱུན་གྱི་ཐོན་ལས་མགྱོགས་མྱུར་ཕྱོགས་སྒྱུར་རིམ་སྤོར་ཡོང་བ་བྱ་རྒྱུ་རེད་ཅེས་བཤད།
         ད་ཕན་ལོ་ཤས་རིང“ལས་གཏོད་གསར་གཏོད”ཀྱི་སྲིད་ཇུས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་སྦྲགས་ཀྲུང་གོའི་གསར་གཏོད་ཀྱི་གོམ་སྟབས་ཇེ་བརྟན་དུ་འགྲོ་བ་དང་གསར་གཏོད་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོན་བཞིན་ཡོད། ཧིན་རྡུ་ཉི་ཞི་ཡའི་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེན་ཧྲུའུ་ལིང་ལ་དོ་སྣང་བྱུང་བར། འཛམ་གླིང་གི་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི“2016ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས”ལས་ཀྲུང་གོ་གོ་ལ་ཧྲིལ་པོའི་རྩེ་གྲ་25ཡི་ནང་དུ་ཚུད་པའི་ཡོང་འབབ་འབྲིང་གྲས་ཀྱི་དཔལ་འབྱོར་དངོས་ཚན་ཐོག་མ་དེར་གྱུར་ཡོད།
         ཀྲུང་གོའི་གསར་གཏོད་ཀྱིས་འཛམ་གླིང་ལ་ཁེ་ཕན་གསར་པ་བཏོད་ཅིང་། ཁྲེན་ཧྲུའུ་ལིང་གིས་ཀྲུང་གོས་གསར་གཏོད་རྣམ་པའི་དཔལ་འབྱོར་བསྐྲུན་པ་དེས་ཧིན་རྡུ་ཉི་ཞི་ཡར་ཕན་པ་ཏན་ཏིག་ཐོབ་ཡོད། ཧྭ་ཝེ་ནས་OPPOདང་། VIVO ཞའོ་མི་སོགས་བར་ཀྲུང་གོའི་གསར་གཏོད་རྣམ་པའི་ཁེ་ལས་ཀྱི་ཐོན་ཟོག་དེ་དག་ལ་ཧིན་རྡུ་ཉི་ཞི་ཡའི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད་ལ་སྤུས་ཀ་ལེགས་པའི“ཀྲུང་གོའི་གསར་གཏོད”དེ་གོ་ལ་ཧྲིལ་པོའི་གླེང་གཞི་གསར་པར་གྱུར་ཡོད་ཅེས་བཤད།
         གསར་གཏོད་རྣམ་པའི་ཐོན་ཟོག་ཕྱིར་གཏོང་བྱེད་པ་དང་དུས་མཚུངས་ཀྲུང་གོའི་ཁེ་ལས་ཇེ་མང་ཞིག་གིས་ཕྱི་རྒྱལ་དུ་ཞིབ་སྤེལ་ལྟེ་གནས་འཛུགས་འགོ་ཚུགས་ཡོད། ཐིགས་ཐིགས་ཕྱིར་སྐྱོད་ཀྱིས་ཉེ་ཆར་ཨ་རིའི་ཁོ་ལི་ཧྥུར་ཉེ་ཡར་ཐིགས་ཐིགས་ཨ་རིའི་ཞིབ་འཇུག་ཁང་བཙུགས་ནས་གྲངས་གཞི་ཆེ་མོའི་བདེ་འཇགས་དང་རིག་ནུས་འཁོར་གཏོང་གི་ཁྱབ་ཁོངས་ཆེན་པོ་གཉིས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད། ལུའུ་ཐོའུ་གསར་འགྱུར་ཁང་གིས་དེ་ལས་ཀྲུང་གོའི་ལག་རྩལ་མཐོ་བའི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོར་གསར་གཏོད་དྲ་རྒྱ་མགྱོགས་མྱུར་བཀོད་སྒྲིག་བྱེད་པ་མཚོན་ཡོད་ཅེས་བཤད།
         དེ་དང་ཆབས་ཅིག་ཀྲུང་གོས་ཀྱང་འཛམ་གླིང་དུ་གསར་གཏོད་ཀྱི་འདུ་ཤེས་དང་ཉམས་མྱོང་ཁྱབ་གདལ་བཏང་ཡོད། ཉེ་ཆར་ཧྥ་རན་སེའི་ཕ་རི་སིར་གཉེར་བའི“ཀྲུང་གོ་དང་སྦྲེལ་མཐུད་བྱེད”ཅེས་པའི་གླེང་སྟེགས་ཐོག་ཚོགས་ཞུགས་མཁན་གྱིས་ཀྲུང་གོས་དྲ་སྦྲེལ་གྱི་དཔལ་འབྱོར་དང་། གྲངས་འཛིན། སྒུལ་བདེའི་ཁྱབ་ཁོངས་བཅས་ཀྱི་གསར་གཏོད་འཕེལ་རྒྱས་ལ་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་ཡོད་པས་ཡོ་རོབ་རྒྱལ་ཁབ་ཀྱིས་ཀྲུང་གོར་སློབ་སྦྱོང་བྱེད་དགོས་པའི་ངོས་འཛིན་བྱེད།
         “ཀྲུང་གོ་ལས་རིགས་མང་པོའི་ཁྲོད་སྔོན་སྐྱོད་ཀྱི་གནས་བབ་ཏུ་སླེབས་པ་དང་། ལྷག་པར་དུ་དྲ་སྦྲེལ་དངུལ་རྩའི་ཐད་ཀྲུང་གོའི་གསར་གཏོད་ཀྱིས་ལས་རིགས་གཅིག་པའི་མི་སྣ་མང་པོར་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས“ཀྲུང་གོ་དང་སྦྲེལ་མཐུད་བྱེད”ཅེས་པའི་གླེང་སྟེགས་ཀྱི་སྲོལ་གཏོད་པ་ལོར·ཁ་ལ་ཡུང་གིས་བཤད།
         ཁེན་ནི་ཡའི་ནེ་རོ་པེའི་ཨ་རིའི་རྒྱལ་སྤྱིའི་འབྲེལ་བའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་མ་ཁྲ་ལི་ཡ·མུ་ནེ་ནེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྦགས་བཙོག་སོགས་ཀྱི་འགྲན་སློང་འཕྲད་བཞིན་ཡོད་པས་རྒྱལ་སྤྱིའི་མཉམ་ལས་དང་སྒོ་འབྱེད་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། ཀྲུང་གོས་གསར་གཏོད་ལག་ལེན་དང་ལྗང་མདོག་ལག་རྩལ་བཀོལ་སྤྱོད་བྱས་པ་སོགས་བརྒྱུད་གནམ་གཤིས་འགྱུར་ལྡོག་འགོར་དུ་གཏོང་བ་དང་མཁའ་རླུང་སྦགས་བཙོག་བཅོས་སྐྱོང་བྱེད་བཞིན་ཡོད་པས་དེ་དག་ཚང་མ་འཕེལ་རྒྱས་འགྲོ་བཞིན་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སློབ་སྦྱོང་བྱེད་རིན་ཡོད་པའི་ངོས་འཛིན་བྱེད།
      

    ཕྱོགས་བསྡུས་གསར་འགྱུར།