འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེ་དགྲ་ལྷ་ཡིས་དྲ་དམངས་ཀྱིས་ཚོགས་ཆེན་གཉིས་རིང་ཐབས་འདོན་ཇུས་འབུལ་གནང་
    བར་ལན་བསྐྱོན་ཏེ་དྲ་དམངས་རྣམས་ཀྱི་དགོངས་འཆར་ངས་རེ་རེ་བཞིན་
    ནན་ཏན་ལྟ་བཞིན་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 16:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཆེ་དགྲ་ལྷ་ཡིས་དྲ་དམངས་ཀྱིས་ཚོགས་ཆེན་གཉིས་རིང་ཐབས་འདོན་ཇུས་འབུལ་གནང་
བར་ལན་བསྐྱོན་ཏེ་དྲ་དམངས་རྣམས་ཀྱི་དགོངས་འཆར་ངས་རེ་རེ་བཞིན་
ནན་ཏན་ལྟ་བཞིན་ཡོད་ཅེས་གསུངས་པ།
             མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡིས་མི་དམངས་དྲ་བ་བརྒྱུད་ནས་རྒྱ་ཆེའི་དྲ་གྲོགས་རྣམས་ལ་འཕྲིན་ཡིག་བཏང་སྟེ་ཚོགས་ཆེན་གཉིས་རིང་ཐབས་འདོན་ཇུས་འབུལ་གནང་བར་ལན་བསྐྱོན་པ་རེད། ཁོང་གིས་བོད་ལྗོངས་ལ་ཐོབ་པའི་གྲུབ་འབྲས་རེ་རེ་ཚང་མ་རྒྱ་ཆེའི་དྲ་དམངས་གྲོགས་པོ་ལྷན་རྒྱས་ཀྱིས་ཐུགས་ཁུར་གནང་བ་ལས་ཐོབ་པ་ཡིན་ལ། ལྷན་རྒྱས་ཀྱིས་སྟོབས་ཤུགས་གང་ཡོད་བཏོན་ཏེ་རོགས་རམ་གནང་བ་འདུས་པ་དང་། ལྷན་རྒྱས་ཀྱི་སེམས་ཤུགས་དང་བློ་གྲོས་གོང་བུར་འགྲིལ་ཡོད་ཅེས་བསྟན་པ་རེད།
         2017ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རིང་ལ་མི་དམངས་དྲ་བས་"ཚོགས་ཆེན་གཉིས་འཚོག་འགོ་ཚུགས་པས། ངས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་འགོ་འཛིན་ལ་སྐད་ཆ་ཅིག་བསྐུར་གྱི་ཡིན་"ཞེས་པའི་ཐབས་འདོན་ཇུས་འབུལ་བསྡུ་ལེན་བྱེད་སྒོ་སྤེལ་ཞིང་། མིག་སྔར་བར་དུ་དྲ་དམངས་ཁྲི་13ལས་བརྒལ་བ་བྱེད་སྒོ་འདིར་ཞུགས་ཡོད་པ་རེད། འདིའི་ཐད་ལ་ཆེ་དགྲ་ལྷ་ཡིས"མི་དམངས་དྲ་བའི་《ས་གནས་འགོ་ཁྲིད་ཀྱི་འཕྲིན་འཇོག་པར་ངོས་》སུ་དྲ་དམངས་ཚོས་ཁོ་བོར་བཞག་པའི་འཕྲིན་མང་པོ་མཐོང་བྱུང་། འཕྲིན་བཞག་པ་དེ་དག་ནི་བདེ་སྡུག་ཞུ་བའམ་ཡང་ན་གྲོས་འགོ་འདོན་པ་གང་ཡིན་རུང་། ཁོ་བོས་རེ་རེ་བཞིན་ནན་ཏན་བལྟས་ཡོད་པ་དང་། དོན་རེ་རེ་བཞིན་བཀོད་སྒྲིག་དོན་འཁྱོལ་བྱས་ཡོད། འདི་ནི་ཚང་མས་ཁོ་བོར་ཡིད་ཆེས་བྱས་པ་ཡིན་པས། འདི་ཡིས་ཁོ་བོས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་བར་ལྟ་སྐུལ་བྱེད་ཐུབ་ཀྱི་ཡོད་པ་གསལ་པོར་ཤེས་ཀྱི་ཡོད"ཅེས་གསུངས་པ་རེད། ཁོང་གིས་དྲ་དམངས་རྣམས་ལ་འཕྲིན་ལན་གནང་བ་མ་ཡིག་གཤམ་གསལ།
         དྲ་རྒྱའི་མང་ཚོགས་ཀྱི་ལམ་ཕྱོགས་སུ་ལེགས་པར་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྔར་ལས་ལེགས་པར་བརྩོན་གཉེར་བྱེད་དགོས།
    གུས་ཤིང་བརྩེ་བའི་དྲ་དམངས་གྲོགས་པོ་ཚོ།
         “འཕྲིན་སྦྲེལ་དྲ་རྒྱར་གསོ་རླུང་དཀོན་པ་འབྱུང་མི་སྲིད།”ཁྱེད་དང་ང་གཉིས་ཀྱི་བར་ཐག་ལེ་དབར་སྟོག་ཕྲག་ལས་བརྒལ་ཡོད་ཀྱང་། ང་ཚོའི་སེམས་དང་ལག་གདང་གཅིག་ཏུ་སྦྲེལ་ཡོད། ལོ་11གི་གོང་ལ་མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་བྱས་པ་ལས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མེས་རྒྱལ་ནང་ལོགས་ས་ཁུལ་དུ་བགྲོད་པའི"མཁའ་ལམ"བསྐྲུན་པ་དང་། ད་སྐབས་འཕྲིན་སྦྲེལ་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་མགྱོགས་མྱུར་བྱུང་ཞིང་། བོད་ལྗོངས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་གཟུགས་མེད་ཀྱི"མཁའ་ལམ"ཞིག་བཏོད་པ་རེད།
         ཉེ་བའི་ལོ་ཤས་རིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གྱུར་པའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་དབུ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། རྒྱ་ཆེའི་དྲ་དམངས་གྲོགས་པོ་ཚོ་འདུས་པའི་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམས་ཀྱིས་ཐུགས་ཁུར་རྒྱབ་སྐྱོར་གནང་བའི་འོག བོད་ལྗོངས་སུ་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་འཆམ་མཐུན། ཆོས་ལུགས་ལམ་ལྷོང་རིམ་ལྡན། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་བཅོས། སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་འགྱུར་སོགས་ཀྱི་རྣམ་པ་བཟང་པོ་ཤར་བ་རེད། བོད་ལྗོངས་ལ་ཐོབ་པའི་གྲུབ་འབྲས་རེ་རེ་ཚང་མ་རྒྱ་ཆེའི་དྲ་དམངས་གྲོགས་པོ་ལྷན་རྒྱས་ཀྱིས་ཐུགས་ཁུར་གནང་བ་ལས་ཐོབ་པ་ཡིན་ལ། ལྷན་རྒྱས་ཀྱིས་སྟོབས་ཤུགས་གང་ཡོད་བཏོན་ཏེ་རོགས་རམ་གནང་བ་འདུས་པ་དང་། ལྷན་རྒྱས་ཀྱི་སེམས་ཤུགས་དང་བློ་གྲོས་གོང་བུར་འགྲིལ་ཡོད་ཅེས་བརྗོད་ཆོག གོ་སྐབས་འདི་དང་བསྟུན་ནས་ཁོ་བོས་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
         དྲ་དམངས་རྒན་པ་ཞིག་ཡིན་པའི་ཆ་ནས་བཤད་ན། ཁོ་བོས་ཀྱང་རྒྱུན་དུ་དྲ་ཐོག་ནས་གསར་འགྱུར་གནས་ཚུལ་ལྟ་བཞིན་ཡོད། མི་དམངས་དྲ་བའི་《ས་གནས་འགོ་ཁྲིད་ཀྱི་འཕྲིན་འཇོག་པར་ངོས་》སུ་དྲ་དམངས་ཚོས་ཁོ་བོར་བཞག་པའི་འཕྲིན་མང་པོ་མཐོང་བྱུང་། འཕྲིན་བཞག་པ་དེ་དག་ནི་བདེ་སྡུག་ཞུ་བའམ་ཡང་ན་གྲོས་འགོ་འདོན་པ་གང་ཡིན་རུང་། ཁོ་བོས་རེ་རེ་བཞིན་ནན་ཏན་བལྟས་ཡོད་པ་དང་། དོན་རེ་རེ་བཞིན་བཀོད་སྒྲིག་དོན་འཁྱོལ་བྱས་ཡོད། འདི་ནི་ཚང་མས་ཁོ་བོར་ཡིད་ཆེས་བྱས་པ་ཡིན་པས། འདི་ཡིས་ཁོ་བོས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་བར་ལྟ་སྐུལ་བྱེད་ཐུབ་ཀྱི་ཡོད་པ་གསལ་པོར་ཤེས་ཀྱི་ཡོད། གོ་སྐབས་འདི་དང་བསྟུན་ཏེ་སྙིང་ཐག་པ་ནས་རྒྱ་ཆེའི་དྲ་དམངས་གྲོགས་པོ་ལྷན་རྒྱས་ཀྱིས་མུ་མཐུད་དུ་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་། ང་ཚོའི་ལས་དོན་ལ་དགོངས་འཆར་དང་གྲོས་འགོ་བཟང་པོ་གང་མང་འདོན་པའི་རེ་བ་ཞུ་རྒྱུ་ཡིན་ལ། རྒྱ་ཆེའི་དྲ་དམངས་གྲོགས་པོ་ལྷན་རྒྱས་བོད་ལྗོངས་སུ་ཕེབས་ནས་བོད་ལྗོངས་ལ་བྱུང་བའི་འགྱུར་ལྡོག་ཆེན་པོར་གཟིགས་སྐོར་གནང་བ་དང་། མཁའ་དབྱིངས་བོད་ལྗོངས་ཀྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་གནང་བར་དགའ་བསུའང་ཞུ་རྒྱུ་ཡིན།
         མཇུག་མཐར། རྒྱ་ཆེའི་དྲ་དམངས་གྲོགས་པོ་ལྷན་རྒྱས་སྐུ་ཁམས་བདེ་ཐང་དང། ཡིད་སེམས་སྤྲོ་སྐྱིད། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
                                                                                                       བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ནས།
      

    ཕྱོགས་བསྡུས་གསར་འགྱུར།