འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་ཀྱི་ས་ཆ་ཁ་ཤས་སུ་བསྟུད་མར་གངས་ཆེན་པོ་བབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་07ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་ནས་བཟུང་། བོད་ལྗོངས་མངའ་རིས་ཀྱི་ས་ཆ་ཁ་ཤས་སུ་གངས་ཆེན་པོ་ཉིན་4བསྟུད་མར་བབས་པས། རྒྱལ་ལམ་219དང་སྤུ་ཧྲེང་ཉིང་ལག་ལམ་དུམ་བུར་གངས་གསོག་ཆེན་པོ་ཐེབས་ནས་རླངས་འཁོར་20ལྷག་ཙམ་དང་མི་50ལྷག་ཙམ་དེ་གར་ལུས། མིག་སྔར་རྒྱལ་ལམ་219ཡི་ལམ་ཐིག་སུ་མུ་མཐུད་གངས་འབབ་བཞིན་པས་འགྲོ་ལམ་གསལ་པོ་མཐོང་གི་མེད་སྟབས་ས་ཁུལ་དེ་གར་འགྲོ་འོང་བྱེད་མཁན་རྣམས་ཀྱིས་བདེ་འཇགས་ལ་དོགས་ཟོན་བྱེད་དགོས།
         ཟླ་2ཚེས་2ཉིན་ནས་བཟུང་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་གློ་བུར་དུ་གངས་ཆེན་པོ་བབས་པས་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲིའི་ཏུའུ་25ལ་སླེབས་པ་དང་། རྒྱལ་ལམ་219དང་སྤུ་ཧྲེང་ཉིང་ལག་ལམ་རྒྱུད་ཀྱི་ས་ཆ་མང་པོར་འགྲུལ་པ་ལུས་པ་དང་ལམ་ངོས་སུ་གངས་གསོག་ཐེབས་ཚད་ཆ་སྙོམས་ལི་སྨི་20ཟིན་གྱི་ཡོད་པ་དང་། གངས་གསོག་ཐེབས་ཚད་གཏིང་རིང་ཤོས་ལི་སྨི་50ཟིན་གྱི་ཡོད། མིག་སྔར་གངས་མུ་མཐུད་འབབ་ཀྱི་ཡོད་པས་འགྲོ་ལམ་མཐོང་ཚད་སྨི་10ཡང་ཟིན་གྱི་མེད།
        རྒྱལ་ལམ་219ཡི་ལམ་ཐིག་བདག་སྐྱོང་དང་ཤར་གཏོང་ལས་འགན་ཁུར་མཁན་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་4པར་སྙན་སེང་འབྱོར་རྗེས། འཕྲལ་མར་གངས་འཕྱག་ཤར་གཏོང་དང་འཕྲལ་སྒྲུབ་མྱུར་སྐྱོབ་ཀྱི་སྔོན་ཇུས་བཟོས་ནས་གངས་གཙང་སེལ་རུ་ཁག་5དང་། དཔོན་དམག་40ལྷག་ཙམ། གངས་འཕྱག་སྒྲིག་བཀོད་ཆེ་གྲས་10ལྷག་ཙམ་བཅས་མངགས་ཏེ། གངས་འཕྱག་ནས་འགྲོ་ལམ་ཤར་གཏོང་དང་འཕྲལ་སྒྲུབ་སྐྱོབ་རོགས་ལས་དོན་སྤེལ་བས། ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་བར་གངས་གསོག་སྤྱི་ལེ་190ལྷག་ཙམ་འཕྱག་ནས་བགྲོད་ལམ་སྤྱིའི་ཆ་ནས་སླར་གསོ་ཐུབ་ཡོད།
         མིག་སྔར་གངས་མུ་མཐུད་འབབ་ཀྱི་ཡོད་པ་དང་འགྲོ་ལམ་གསལ་པོ་མཐོང་དཀའ་ལ། གནམ་གཤིས་སྔོན་བརྡར་གཞིགས་ན། ཚེས་6ཉིན་བར་མུ་མཐུད་གངས་འབབ་རྒྱུ་ཡིན་པ་རེད། དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་4པས་ཉེ་ཆར་བོད་ལྗོངས་མངའ་རིས་ས་ཁུལ་དུ་འགྲོ་འོང་བྱེད་མཁན་འགྲུལ་པ་དང་ཁ་ལོ་བ་རྣམས་ཀྱིས་དུས་ཐོག་ཏུ་ལམ་ཐིག་གནས་ཚུལ་ཤེས་རྟོགས་བྱས་ཏེ་བདེ་འཇགས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།