འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།“གནས་སྤོས་དུད་ཚང་ཚང་མ་འབྱོར་འབྲིང་དུ་བསྐྱོད་ཐུབ་པའི་རེ་བ་ཡོད”

    —— དུས་བཞིའི་བཀྲ་ཤིས་གྲོང་ཚོའི་ཡུལ་མིའི་ལོ་གསར་པའི་རེ་སྨོན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་07ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁུལ་ནས་བར་ཐག་སྤྱི་ལེ་24ཡོད་པའི་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ལུང་གཞུང་ཞིག་ཏུ་དུས་བཞིའི་བཀྲ་ཤིས་གྲོང་ཚོ་ཞེས་པའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ས་ཚིགས་ཤིག་ཟླ་བ་འགའི་གོང་བརྒྱབ་ཟིན། བོད་ཀྱི་ལོ་གསར་སླེབས་ཉེའི་མཚམས་སུ་གནས་སྤོས་དུད་ཚང་དབུལ་པོ་རྣམས་རིམ་བཞིན་སྤོས་ནས“བདེ་སྡོད་ལས་བརྩོན”བྱུང་སྟེ་གསར་དུ་ཐོན་པའི་གྲོང་སྡེའི་གང་སར་དགའ་འོས་པའི་རྣམ་པས་ཁེངས།
        “ལོ་གསར་པར་འཚོ་བ་སྔར་བས་སྐྱིད་པོ་ཡོང་བར་ཤོག སློབ་གྲྭ་ཐོན་རྗེས་གྲོང་ཚོར་སྨན་པ་བྱེད་འདོད། ཡོང་འབབ་ཁྱེར་ནས་ཕ་མ་གཉིས་ཕྱིར་ལྟ་སྐོར་དུ་འཁྲིད་འདོད་ཡོད”ལ་སོགས་དུས་བཞིའི་བཀྲ་ཤིས་གྲོང་ཚོར་སླེབས་སྐབས་དགའ་བའི་འཛུམ་མདངས་ཕྱུར་ནས་ལོ་གསར་པར་རང་རང་གི་སྨོན་འདུན་བཟང་པོ་བཅངས་བའི་ཡུལ་མི་ཚོས་དེ་ལྟར་ཤོད་བཞིན་འདུག “ང་ཚོའི་གྲོང་ཚོ་གནས་སའི་ཚལ་སྣེ་ཤང་གནམ་ཐང་དུ་སྐྱོད་སའི་མྱུར་བགྲོད་གཞུང་ལམ་དང་། ལྷ་ཉིང་མེ་འཁོར་ལྕགས་ལམ། འདི་གར་རྒྱལ་ལམ་318བཅས་དང་ཉེ་བ་མ་ཟད། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ། ལྷ་ས་ས་གཙང་བདེ་ཐང་ཐོན་ལས་ཁུལ་ཡང་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དབྱངས་སྐྱིད་ཀྱིས་སྤོབས་སེམས་ཆེན་པོས་གསར་འགོད་པར་ངོ་སྤྲོད་བྱས་ཤིང་། ཁོང་གིས“གཞན་ཡང་རྒྱལ་ཁབ་ཀྱི་Aགསུམ་རིམ་པའི་མཛེས་ལྗོངས་ཁུལ་ཡང་ཡོད་པས། ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད”ཅེས་བཤད།
         བསོད་ནམས་དབྱངས་སྐྱིད་ཀྱིས་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་ས་ཆུ་ཡག་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་ཡུལ་མི་འབྱོར་འབྲིང་ལམ་དུ་སྐྱོད་པའི་ས་བཅུད་བཟང་བའི་གནས་ཤིག་ཀྱང་ཡིན་ཞེས་བཤད།
         2015ལོའི་ལོ་སྨད་དུ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་དུད་ཚང་དབུལ་པོར་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་བསྒྲུབས་པའི་རྨང་གཞིའི་ཐོག “ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁག་གཅིག་བྱ་རྒྱུའི”རྩ་དོན་ལ་གཞིགས་ནས། སྔོན་ལ་འཆར་གཞི་བཀོད་དེ་བོད་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ས་ཚིགས་ཏེ་ལྷ་ས་སྐྱིད་ཆུའི་འགྲམ་གྱི་གསུམ་འཛོམས་གྲོང་ཚོ་དང་དུས་བཞིའི་བཀྲ་ཤིས་གྲོང་ཚོ་བརྒྱབ་ཅིང་། 2016ལོའི་ཟླ་བརྒྱད་པར་ཆུ་ཤུར་རྫོང་གིས་དངོས་སུ་ཨར་པོ་རྒྱག་འགོ་བརྩམས་ནས། “དུས་བཞིའི་བཀྲ་ཤིས”ཞེས་མ་ལམ་བཅུ་གཉིས་དང་བདེ་སྡོད་ཁང་པ་365(སྨི་ངོས་གྲུ་108ནས་140བར་ཡོད་པ)ཡོད་པའི་ཡུལ་གཞན་དུ་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཞིག་བསྐྲུན་པ་རེད།
        “རང་ཡུལ་གྱི་ཐོན་ཁུངས་ལ་བརྟེན་ནས་དེ་གའི་མིའི་འཚོ་བ་འཁྱོལ་དཀའ་བའི་དུས་དང་། ཚལ་སྣེ་ཤང་དུ་ཐོན་ལས་ལ་ལས་མི་མཁོ་དུས‘དངུལ་རྩ་དང་+རྟེན་གཞི+ཀུང་སི+མཉམ་ལས་ཁང་+དུད་ཚང་དབུལ་པོའི’བྱེད་སྟངས་དེ་ང་ཚོས་དབུལ་སྒྲོལ་བྱེད་ཐབས་འཚོལ་བའི་ལམ་གསར་པར་གྱུར་ཡོད”ཅེས་བསོད་ནམས་དབྱངས་སྐྱིད་ཀྱིས་བཤད།
        དུས་བཞིའི་བཀྲ་ཤིས་གྲོང་ཚོའི་ཡུལ་མིའི་ངོས་ནས་བཤད་ན། 2016ལོའི་ཟླ་12ཚེས་15ཉིན་ནི་བརྗེད་པར་དཀའ་བ་ཞིག་རེད། ཉིན་དེར་ཆུ་ཤུར་རྫོང་གི་ཤང་5དང་། གྲོང་རྡལ་1 གྲོང་ཚོ་17གྱི་གནད་སྨིན་དབུལ་སྒྲོལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་ཐེམ་དུད་267དང་། ས་བབ་མཐོ་ཚད་སྨི་4500ཡན་གྱི་སར་སྡོད་པའི་ཐེམ་དུད་98ཀྱི་ཡུལ་མི་བསྡོམས་1700ལྷག་དངོས་སུ་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད།
        བློ་བཟང་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རང་ཉིད་དང་གཅུང་མོ་སློབ་གྲྭ་འགྲིམ་ཆེད། ཕས་ནམ་རྒྱུན་ཀོ་རྩེད་རྩེ་བར་འགྲོ་བ་མ་ཟད། ཕྱིར་དུས་ཐུང་གླ་པ་རྒྱུག་པར་འགྲོ་བ་དང་། མས་ལོ་འཁོར་མོར་རྫོང་འགྲམ་དུ་གླ་པ་རྒྱུག་པར་ཕྱིན་ནས་ནང་མི་མཉམ་འཛོམ་ཧ་ཅང་དཀོན་ཅིང་། ཁོང་གིས“ནམ་ཞིག་ཁྱིམ་མི་རྣམས་མཉམ་འཛོམས་བྱ་རྒྱུ་ནི་ལོ་གསར་པའི་རེ་སྨོན་ཆེ་ཤོས་ཡིན”ཞེས་བཤད།
         འཆར་འགོད་ལ་གཞིགས་ན་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་ཉེ་འཁོར་ལ་ད་དུང་མུའུ་ཁྲི་ལོངས་པའི་ཡུལ་གྱི་སྡོང་ཕྲུག་དང་རྒྱུད་བཟང་སྐྱེ་འཕེལ་རྟེན་གཞི་དང་། བོད་སྨན་འདེབས་འཛུགས་རྟེན་གཞི། དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་ར་བ་སོགས་རྣམ་གྲངས་ཆེ་གྲས་བསྐྲུན་རྒྱུ་མ་ཟད། ལྷ་ས་གྲོང་ཁྱེར་ལས་རིགས་སློབ་གྲྭ་དང་པོའང་དེ་གར་སྤོ་རྒྱུ་ཡིན་སྟབས། དེ་དུས་མིང་དོན་མཚུངས་པའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་གོང་འཕེལ་འགྲོ་རྒྱུ་རེད།
        “གནས་སྤོས་དུད་ཚང་ཚང་མ་དབུལ་པོའི་ཞྭ་མོ་ཕུད་དེ་འབྱོར་འབྲིང་ལམ་དུ་བདེ་བླག་ངང་བསྐྱོད་རྒྱུ་ནི་འདི་ལོའི་རེ་སྨོན་ཆེ་ཤོས་ཡིན”ཞེས་བསོད་ནམས་དབྱངས་སྐྱིད་ཀྱིས་བློ་རྩ་བརྟན་པོའི་ངང་བཤད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།