འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་སྦྲེལ་གྱིས་བོད་ཁུལ་གྱི་ལོ་གསར་ལ་སྤྲོ་སྣང་གསར་པ་བསྣན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་07ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གཉེན་ཉེ་དང་གྲོགས་པོ་ཚོས་སྐད་འཕྲིན་བརྒྱུད་བསོད་ནམས་ཚེ་རིང་ལ“ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་པའི་སྨོན་ཚིག་བསྐུར་ནས། ཁོང་ལ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་རེད།
         ད་ལོ་ལོ་15ལ་སླེབས་པ་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ནས་ཡིན་པའི་བསོད་ནམས་ཚེ་རིང་གིས། ད་ཆར་བོད་རིགས་མང་ཚོགས་དེ་བས་མང་བས་དྲ་རྒྱ་བརྒྱུད་ལུགས་རྙིང་ལོའི་ལོ་གསར་གཏོང་གི་ཡོད། ཡིན་ནའང་ལོ་3གོང་བོད་རིགས་ས་ཁུལ་དང་ཐ་ན་ཐག་རིང་ལུང་ཁུག་འབྲོག་ཁུལ་དུ་དྲ་སྦྲེལ་ལ་རྒྱུས་མངའ་རྩ་བ་ནས་མེད”ཅེས་ཁོང་གིས་གསར་འགོད་པར་བཤད།
        བསོད་ནམས་ཚེ་རིང་གི་ཕ་རྡོ་རྗེ་འབུམ་གྱིས་དེ་སྔ་ཁྱིམ་དུ་ལུགས་རྙིང་ལོའི་ལོ་གསར་གཏོང་སྐབས་བསང་གཏོང་བ་དང་། ལུག་ཤ་བཙོས་མ་ཟ་བ། ཆང་འཐུང་བ་སོགས་ཀྱི་གོམས་གཤིས་ཡོད། ད་ཆ་སྐད་འཕྲིན་ནང་ཤོག་ཆག་ཧབ་ཐོབ་རྒྱག་པའི་གོམས་གཤིས་མང་དུ་ཕྱིན་ཡོད། ཉེ་བའི་ལོ་2ཀྱི་ལུགས་རྙིང་ལོའི་གནམ་གང་ཉིན་མོར་ནང་མི་ཚོས་ནང་མིའི་སྐད་འཕྲིན་ཚོགས་པའི་ནང་ཤོག་ཆག་བསྐུར་བ་དང་ལེན་རྒྱུར་དགའ་པོ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།
        རྡོ་རྗེ་འབུམ་གྱིས་དེ་སྔ་ལུགས་རྙིང་ལོའི་ལོ་གསར་གོང་གཟའ་འཁོར་གཅིག་སྔ་སྣུར་གྱིས་སྦག་སྦག་བཞོན་ནས་རྫོང་གྲོང་དུ་ཤིང་ཏོག་སྐམ་པོ་དང་བཏུང་བྱ་སྣ་ཚོགས་ཉོ་བར་འགྲོ་དགོས་ཀྱི་ཡོད། ཡིན་ནའང་ད་ཆ་དྲ་སྦྲེལ་བརྒྱུད་ནས་ཆ་ཚང་ཉོ་ཐུབ་ཅེས་བཤད།
        རྡོ་རྗེ་འབུམ་གྱིས་བཟའ་བཅའ་དང་བཏུང་བྱ་ཕུད། ད་ཆ་དྲ་སྦྲེལ་ཐོག་ནས་ད་དུང་བོད་ཡིག་གི་དཔྱིད་གསར་ཆ་ཡིག་དང་བོད་རྒྱ་སྐད་རིགས་གཉིས་ཀྱི་ཐོག་མའི་སློབ་གསོའི་རྩེད་ཆས་སོགས་ཁྱད་ཆོས་ཟབ་མོ་ལྡན་པའི་ལོ་གསར་གྱི་མཁོ་ཆས་ཀྱང་ཉོ་ཐུབ་ཅེས་བཤད།
        རྡོ་རྗེ་འབུམ་གྱིས་ཉེ་དུས་ང་ཚོ་ནང་མི་ཚོས་དྲ་སྦྲེལ་ཐོག་ནས་གནམ་གྲུའི་སྤ་སེ་ཉོས་པ་དང་འབྲེལ་མགྲོན་ཁང་སྔོན་མངག་བྱས་ནས་ཧའེ་ནན་སན་ཡ་ལ་ཡུལ་སྐོར་བྱེད་པར་འགྲོ་རྩིས་ཡོད་ཅེས་བཤད།
        ན་ནིང་ལོ་གཅིག་ལ་གསར་འགོད་པས་མཚོ་སྔོན་གྱི་ས་ཆ་ཁག་ཏུ་བཅར་འདྲི་བྱེད་སྐབས་ད་ཆ་རྡོ་རྗེ་འབུམ་གྱི་ཁྱིམ་དང་འདྲ་བའི་ཁྱིམ་ཚང་མང་པོ་ཡོད་པ་ཤེས་རྟོགས་བྱུང་། མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཁྲུའི་ཁྲུའུ་ཀྲང་ཀུའོ་ཅན་ཞུན་གྱིས་ཁོར་ཡུག་དང་ལག་རྩལ་སོགས་ལས་ཚོད་འཛིན་ཕོག་པའི་རྐྱེན་གྱིས་མཚོ་སྔོན་གྱི་དྲ་སྦྲེལ་འཛུགས་སྐྲུན་དེ་སྐབས་ཤིག་རིང་རྗེས་སུ་ལུས་ཡོད། ལོ་མང་བསྟུད་མར་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད། མིག་སྔར་ཞིང་ཆེན་དེའི་ཞིང་འབྲོག་ཁུལ་གྱི་སྲིད་འཛིན་གྲོང་ཚོར་དྲ་ཆེན་ཁྱབ་ཚད་90%ལས་བརྒལ་བ་དང་། སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་40%ལས་བརྒལ་ཡོད་ཅེས་བཤད།
        དེང་གི་ཆར། བོད་རིགས་ས་ཁུལ་གྱི་མང་ཚོགས་དེ་བས་མང་བས་དྲ་སྦྲེལ་བརྒྱུད་འཛམ་གླིང་རྒྱུས་མངའ་བྱེད་པ་དང་སྣ་མང་གི་འཚོ་བ་སྐྱེལ་སྟངས་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།