འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་དབུལ་སྒྲོལ་མང་ཚོགས་ཀྱི་སྤྲོ་སྣང་དོད་ པའི་དཔྱིད་གསར་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་07ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལུགས་རྙིང་ལོའི་ལོ་གསར་ཚེས་གསུམ་ཉིན་གངས་ལྗོངས་ས་མཐོར་གྲང་རླུང་འུར་འུར་དུ་ལྡང་བས་དྲོད་ཚད་ཀླད་ཀོར་མན་དུ་ཆག འོན་ཀྱང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་འོད་པ་གྲོང་ཚོ་མཆོད་གསེར་ཚོགས་ཆུང་གི་དབུལ་སྒྲོལ་མང་ཚོགས་ལི་གོ་ལེའང་གི་ངོས་ནས་བརྗོད་ན། འདི་ལོའི་དཔྱིད་གསར་དུས་ཆེན་དྲོ་སྐྱིད་ལྷག་པར་ལྡན།
         “ཀླད་ཁྲག་འདྲེས་པའི་ན་ཚ་ཕོག་པས། ངའི་གཟུགས་པོ་ཕྱེད་ཀ་ཙམ་འགུལ་སྐྱོད་མི་ཐུབ་པར་གྱུར། སྨན་ཁང་མང་པོ་བསྟན་པ་བརྒྱུད་མཐར་གོམ་པ་ཕྲན་ཙམ་རྒྱག་ཐུབ་ཀྱི་འདུག གལ་སྲིད་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མེད་ཚེ། ང་ད་ལྟ་མི་ཡུལ་དུ་གནས་ག་ལ་སྲིད”ཅེས་ཤོད་པའི་མཚམས་འདིར་ད་ལོ་ལོ་53ལ་སླེབས་པའི་ལི་གོ་ལེའང་གི་སྐད་ཆར་འདར་སྐད་ཕྲན་བུ་ཤོར།
         ལོ་བཅུའི་གོང་སི་ཁྲོན་ཙེ་དབྱང་ནས་ཡིན་པའི་ལི་གོ་ལེའང་དང་བོད་རིགས་བུ་མོ་ཟླ་བ་སྒྲོལ་མ་ཕན་ཚུན་ཁ་ཐུག་པ་དང་འབྲེལ། ལྷ་སར་གཞིས་ཆགས། རྒྱ་བོད་ཁྱིམ་ཚང་ཡིན་པའི་བཟའ་ཟླ་གཉིས་པོ་ངང་པ་ཆུ་མོར་ཞེན་པ་བཞིན་ཕན་ཚུན་བརྩེ་བ་ཟབ། བདེ་སྐྱིད་འཆམ་མཐུན་གྱི་འཚོ་བ་སྐྱེལ་བའི་དུས་འདིར་སྟབས་མི་ལེགས་པ་ཞིག་ལ། 2009ལོར་ལི་གོ་ལེའང་ལ་ཀླད་ཁྲག་འདྲེས་པའི་ནད་གཞི་ཚབས་ཆེན་ཕོག
         འོད་པ་གྲོང་ཚོའི་དབུལ་སྐྱོར་ཆེད་ལས་པ་ཉི་མས“སྐབས་དེ་དུས་ལི་གོ་ལེའང་ལ་བསྙེན་བཀུར་ཞུ་དགོས་པའི་གྱོས་མོ་དང་སློབ་གྲྭར་འགྲོ་མུས་ཀྱི་ཕྲུ་གུ་ཡོད། ཡིན་ནའང་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་གཅིག་པུ་དེའང་ད་ལྟ་ཉལ་སར་ལུས་པས། བདེ་སྐྱིད་ཀྱི་ཁྱིམ་ཚང་དེ་དེ་མ་ཉིད་དུ་ཡི་མུག་གི་གནས་སུ་ལྷུང་སོང”ཞེས་བརྗོད།
        བོད་ལྗོངས་སུ་གནད་སྨིན་དབུལ་སྐྱོར་ལག་ལེན་བསྟར་བ་དེས། ལི་གོ་ལེའང་ཁྱིམ་ཚང་གི་དཀའ་ངལ་ཡོངས་སུ་སེལ་བ་རེད། མཐིལ་རྟོགས་ཐེངས་མང་བྱས་པ་བརྒྱུད། ཁྲེང་ཀོན་ཆུས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ཁོང་ཚོའི་ཁྱིམ་ཚང“གནད་སྨིན་དབུལ་སྒྲོལ”ནང་བཅུག་ནས་དབུལ་སྒྲོལ་སྲིད་ཇུས་ཞིབ་ཕྲ་བཟོས། ལི་གོ་ལེའང་གི་གཟུགས་པོའི་གནས་ཚུལ་གཞིར་བཟུང་ཁོ་པ་ཀུང་སི་ཞིག་གི་སྒོ་སྲུང་བ་དང་ནགས་སྲུང་བའི་འགན་གཅིག་ལྕོགས་འཁུར་རྒྱུའི་ཐག་བཅད་པའི་ཁར། བཟའ་ཟླ་ཟླ་བ་སྒྲོལ་མར་ཟོག་སྐྱེལ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པའི་ལས་གནས་སྤྲད། ད་དུང་ཁོང་ཚོའི་བེད་མེད་དུ་བཞག་པའི་ས་ཆ་དག་ཚལ་འདེབས་མཁན་ལ་བོགས་མར་གཏོང་རོགས་བྱས་པ་དང་སྦྲགས། ཁོང་ཚོར་སྔོན་དུ་ལས་ཀ་ཙག་ཙིག་བཀོད་སྒྲིག་བྱས།
         ཁྱིམ་ཚང་དེར་བཅར་འདྲི་ཐེངས་མང་བྱེད་མྱོང་བའི་ཁྲེང་ཀོན་ཆུས་ཀྱི་ལས་བྱེད་པ་ཆོས་སྐྱིད་ཀྱིས་ལི་གོ་ལེའང་གི་ཁྱིམ་ཚང་གི་དབུལ་སྒྲོལ་བརྒྱུད་རིམ་ལ་རྒྱུས་མངའ་ཆེན་པོ་ཡོད། འོད་པ་གྲོང་ཚོ་དང་མཆོད་གསེར་ཚོགས་ཆུང་གི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་ཆེ་བ་གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོར་སྤྲད་ཡོད། ཟླ་བ་མི་རེ་ངོ་རེར་དམངས་སྲིད་སྡེ་ཚན་གྱིས་ཁོང་ཚོར་དབང་པོ་སྐྱོན་ཅན་གྱི་ཁ་གསབ་དང་མ་མཐའི་འཚོ་བའི་འགན་ལེན་སྤྲོད་ཀྱི་ཡོད།
         སྲིད་ཇུས་རབ་དང་རིམ་པའི་རོགས་སྐྱོར་འོག 2016ལོར་ལི་གོ་ལེའང་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་9058ཟིན་པས་དབུལ་པོའི་གནས་ལས་བདེ་བླག་ངང་སྒྲོལ་ཐུབ་ཡོད།
         ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ལི་གོ་ལེའང་ཉལ་སར་ལུས་སྐབས་ནང་མི་ཚོའི་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། “སྐབས་དེ་དུས་ཁྱིམ་ཚང་གཞན་དག་ལ་ལོ་གསར་གཏོང་སྐབས་ཕག་ཤ་དང་ཚགས་ཤ་འབེལ་འབེལ་ལྷུག་ལྷུག་ཡོད་པ་དང་དྲོ་བ་ཞིམ་པའི་ཇ་སྲུབས་མ་འཐུང་རྒྱུ་ཡོད་པ་མཐོང་སྐབས་སེམས་ནང་སྐྱོ་ལྷང་ལྷང་ཞིག་འདུག”ཅེས་ཟླ་བ་སྒྲོལ་མས་བརྗོད།
         “དབུལ་སྒྲོལ་མང་ཚོགས‘ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག’དང‘སློབ་ཡོན་གྱིས་རྐྱེན་པས་དབུལ་པོར་བསྐྱར་ལོག’མི་ཡོང་བ་བྱ་ཆེད། བོད་ཀྱིས་ད་དུང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད”ཅེས་དང་ཉི་མས“ལོ་15ཡི་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོའི‘འགན་ལེན་གསུམ’གྱི་སྲིད་ཇུས་གཞིར་བཟུང་། ཁོང་ཚོའི་ཕྲུ་གུ་གཉིས་པོ་སློབ་གྲྭར་སྐྱོད་སྐབས་སློབ་ཡོན་རྩ་བ་ཉིད་ནས་སྤྲོད་དགོས་མེད་ལ། ཁྲེང་ཀོན་ཆུས་ཀྱི་སྲིད་ཇུས་གཞིར་བཟུང་ལི་གོ་ལེའང་གི་གྱོས་མོར་ད་དུང་ཟླ་རེར་སྒོར་220ཡི་ན་རྒས་བདེ་ཐང་ཁ་གསབ་ལོངས་སུ་སྤྱོད་ཆོག་གི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
         གསར་འགོད་པ་དང་དབུལ་སྐྱོར་ལས་བྱེད་པ་གླེང་མོ་བྱེད་པའི་སྐབས་དང་བསྟུན་ནས་ཟླ་བ་སྒྲོལ་མས་མ་མཐའི་འཚོ་བའི་འགན་ལེན་ལག་ཁྱེར་གསར་འགོད་པར་བསྟན་སྟེ“དེ་གོང་ངའི་ཨ་མ་སྨན་ཁང་དུ་བསྡད་དགོས་བྱུང་ནས་སྨན་རིན་སྒོར་བརྒྱད་སྟོང་དགུ་སྟོང་ཙམ་ཕྱིན་སོང་། ངས་ལག་ཁྱེར་དེ་འཁྱེར་ནས་འབྲེལ་ཡོད་ཚན་པ་བཙལ་བས་འགྲོ་སོང་ཚང་མ་བརྩི་ཞུ་ཐུབ་བྱུང”ཞེས་བརྗོད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།