འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ལྟ་ན་སྡུག་པའི་བདེ་སྡོད་གྲོང་རྡལ་ཆུང་ངུ་དང་གྲོང་ཚོའི་དཔེ་སྟོན་མིང་ཐོ་
    ཁག་བཞི་པའི་ནང་མཚོ་སྔོན་གྱི་གྲོང་རྡལ་གཉིས་དང་གྲོང་ཚོ་གསུམ་ཚུད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་རྒྱལ་ཡོངས་ཀྱི་ལྟ་ན་སྡུག་པའི་བདེ་སྡོད་གྲོང་རྡལ་ཆུང་ངུ་དང་ལྟ་ན་སྡུག་པའི་བདེ་སྡོད་གྲོང་ཚོའི་དཔེ་སྟོན་མིང་ཐོ་ཁག་བཞི་པ་ཁྱབ་བསྒྲགས་བྱས་ཤིང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཞིབ་དཔྱད་འདེམས་སྒྲུག་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་གྲོང་རྡལ་95“ལྟ་ན་སྡུག་པའི་བདེ་སྡོད་དཔེ་སྟོན་གྲོང་རྡལ་ཆུང་ངུ”དང་གྲོང་ཚོ་413“ལྟ་ན་སྡུག་པའི་བདེ་སྡོད་དཔེ་སྟོན་གྲོང་ཚོར”གཏན་འཁེལ་བྱས་པ་རེད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཀྲོའུ་ཨོ་ལན་རྫོང་ཚྭ་ཁ་གྲོང་རྡལ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་པཱ་པོ་གྲོང་རྡལ། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མུན་ཡོན་ཧུད་རིགས་རང་སྐྱོང་རྫོང་འབྲུ་གུ་ཤང་སྐྱ་རེངས་གྲོང་ཚོ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་བཙན་མོ་ཤང་ཀླུ་ཚང་གྲོང་ཚོ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་ལབ་ཤང་ལྷ་སའི་ཐང་གྲོང་ཚོ་བཅས་གྲོང་རྡལ་གཉིས་དང་གྲོང་ཚོ་གསུམ་མིང་ཐོའི་ནང་ཚུད་པ་རེད།
        ལྟ་ན་སྡུག་པའི་བདེ་སྡོད་གྲོང་རྡལ་ཆུང་ངུ་ནི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་། ཁྲོམ་གཞུང་གྲལ་ལྟར་འགྲིག་པ། ནུས་པ་འཐུས་སྒོ་ཚང་བ། སྣོད་བཅུད་ཡག་པ། འཚོ་བ་སྐྱིད་པ་བཅས་ཀྱི་སྒྲིག་གཞི་ཚང་བའི་གྲོང་རྡལ་ལ་ཟེར། ལྟ་སྡུག་པའི་བདེ་སྡོད་གྲོང་ཚོ་ནི་ས་ཞིང་དང་ལྡུམ་ར་ལྟ་ན་སྡུག་པ་དང་། གྲོང་ཚོ་མཛེས་པ། འཚོ་བ་སྐྱིད་པ་བཅས་ཀྱི་སྲིད་འཛིན་གྲོང་ཚོར་ཟེར། ལྟ་ན་སྡུག་པའི་བདེ་སྡོད་གྲོང་རྡལ་ཆུང་ངུ་དང་གྲོང་ཚོའི་ལྟེ་བ་ནི་བདེ་སྡོད་ལས་བརྩོན་ཡིན་པ་དང་ཁྱད་ཆོས་ནི་མཛེས་སྡུག་དང་། ཁྱད་ལྡན། ལྗང་མདོག་བཅས་རེད། དེའི་ཐོག་ཁག་དང་པོ་ནས་གསུམ་པའི་ནང་ཚུད་པའི་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུད་རིགས་རང་སྐྱོང་རྫོང་མཚེ་མགུར་གྲོང་རྡལ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མུན་ཡོན་ཧུད་རིགས་རང་སྐྱོང་རྫོང་སེམས་ཉིད་ཤང་ཏང་གྲོང་གྲོང་ཚོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཤིན་ཧ་གྲོང་ཚོ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་བཙན་མོ་ཤང་གཙན་མོ་གྲོང་ཚོ་བཅས་བསྣན་ན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་ནས་གྲོང་ཚོ་དང་གྲོང་རྡལ་9བདམས་ཐོན་བྱུང་བ་དེ་མཚོ་སྔོན་གྱི་ལྟ་ན་སྡུག་པའི་བདེ་སྡོད་གྲོང་རྡལ་ཆུང་ངུ་དང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།