འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་བརྟེན་འདེམས་གསོ་བྱས་པའི་སོན་རྩས་བོད་དུ་ནས་རང་མཁོ་རང་འདང་གིས་མ་ཚད་
    ལྷག་མ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2016ལོར་རང་རྒྱལ་གྱིས་རང་བརྟེན་འདེམས་གསོ་བྱས་པའི་ནས་ཀྱི་སོན་རྩ་གསར་པ“བོད་ནས་ཨང་2000 ”ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་100ཟིན་ནས་བོད་ནས་འདེབས་ཁྱོན་གྱི་ཕྱེད་ཀ་ཡན་ཐོག་མར་ཟིན་ཏེ་ནས་ཀྱི་ལོའི་ཐོན་འབབ་ཏུན་ཁྲི་75ཙམ་ལ་སླེབས་རྒྱུར་སྐུལ་མ་ཐེབས་ནས་བོད་དུ་ནས་རང་མཁོ་རང་འདང་གིས་མ་ཚད་ལྷག་མ་བྱུང་བ་རེད།
        བོད་ནི་ནས་ཐོན་ཁུལ་གཙོ་བོ་ཞིག་ཡིན་པས་ནས་འདེབས་ཁྱོན་གྱིས་ལྗོངས་ཡོངས་ཀྱི་ལོ་ཏོག་འདེབས་ཁྱོན་གྱི་70%ཡན་ཟིན་པ་དང་། ལྗོངས་ཡོངས་ཀྱི་འབྲུ་རིགས་འཛད་སྤྱོད་བསྡོམས་འབོར་ཁྲོད་ཀྱི་བརྒྱ་ཆ་བདུན་ཅུ་ཙམ་ནས་ཡིན་པ་རེད། བོད་ལ་མཚོན་ན། ནས་མཁོ་སྤྲོད་འགན་ལེན་ཐུབ་པ་བྱ་རྒྱུ་ནི་འབྲུ་རིགས་བདེ་འཇགས་ཡོང་བའི་ལས་དོན་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པ་རེད།
        “བོད་ནས་ཨང་2000’ལ་ཐོན་འབབ་མཐོ་བ་དང་། གཟན་རྩྭ་ཐོན་མང་བ། ལོ་ཏོག་ཉལ་མི་སླ་བ། འབྲུ་རྡོག་དཀར་བ་སོགས་ཀྱི་ལེགས་ཆ་ལྡན་ལ། མུའུ་རེ་ནས་འབྲུ་རིགས་སྤྱི་རྒྱ་སུམ་བརྒྱ་ནས་བཞི་བརྒྱ་བར་ཐོན་སྟབས་སྔོན་མ་འདེབས་མང་བའི་སྣེ་ཁ་ལས་སྤྱི་རྒྱ་25ཡིས་མང་བ་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་དེ་ལྟར་བཤད་ཅིང་། ཁོང་གིས་སོན་བཟང་དཔེ་སྟོན་ཁྱབ་གདལ་བཏང་བ་དེས་འབྲུ་རིགས་ཐོན་འབོར་མང་དུ་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། 2015ལོར་བོད་ཀྱི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་100ལས་བརྒལ་ཡོད”ཅེས་བརྗོད་པ་རེད།
        ཉི་མ་བཀྲ་ཤིས་ཀྱིས། མི་རེས་ལོར་འབྲུ་རིགས་སྤྱི་རྒྱ་400བཟའ་བའི་དབང་དུ་བྱས་ན། འབྲུ་རིགས་ལོར་ཐོན་འབབ་ཏུན་ཁྲི་100ལས་བརྒལ་བ་དེས་སྤྱིར་བོད་ཀྱི་འབྲུ་རིགས་དེ་མཁོ་སྤྲོད་ཀྱི་བདེ་འཇགས་ཚད་གཞིར་སླེབས་པ་མཚོན་གྱི་ཡོད། ད་ཆ་བོད་དུ་ནས་རང་མཁོ་རང་འདང་གིས་མ་ཚད་ལྷག་མ་བྱུང་ཡོད་ཅེས་བརྗོད་པ་རེད།
       སོན་བཟང་ཁྱབ་གདལ་བཏང་བ་དེས་བོད་ཀྱི་འབྲུ་འདེབས་ཞིང་པའི་ཡོང་སྒོ་མང་དུ་སོང་ཡོད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་གཞོན་པ་དོན་སྐྱིད་ཀྱིས“བོད་ནས་ཀྱི་ཐོན་འབབ་ཐོག‘བོད་ནས་ཨང་2000’མུའུ་རེ་ནས་གཟན་རྩྭ་11%ཙམ་ཐོན་གྱི་ཡོད། དུད་ཚང་རེས་མུའུ་རེ་བཏབ་ཚེ་ལོ་རེར་སྒོར་ཆིག་སྟོང་ལྷག་ཡོང་གི་ཡོད”ཅེས་བརྗོད་པ་རེད།
        “ད་ཆ‘བོད་ནས་ཨང་2000’དེ་སི་ཁྲོན་དང་ཀན་སུའུ་སོགས་སུ་དཔེ་སྟོན་ཁྱབ་གདལ་གཏོང་བཞིན་ཡོད”ཅེས་ཉི་མ་བཀྲ་ཤིས་ཀྱིས་དེ་ལྟར་བརྗོད་ཅིང་། ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་ནས་ཀྱི་ཁྱད་ལྡན་ཐོན་ཟོག་ཞིབ་བཟོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བྲོ་བ་ཞིམ་ལ་ལྷད་མེད་པ་དང་འཚོ་བཅུད་ལྡན་པའི་བཟའ་བཏུང་གསར་སྤེལ་བྱས་ཏེ་ནས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས། 
      

    ཕྱོགས་བསྡུས་གསར་འགྱུར།