འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ལན་ཁའི་ཙུང་ལིས་ཀྲུང་གོའི་མ་འཇོག་དེ་སི་རི་ལན་ཁའི་འཕེལ་རྒྱས་ཐད་དགོས་གལ་ཆེན་
    པོ་ཡོད་པ་བསྐྱར་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན་སི་རི་ལན་ཁའི་ཙུང་ལི་ཝུའེ་ཁེ་ལེ་མ་ཤིན་ཧ་ཡིས་གྲོས་ཚོགས་ཐོག་གཏམ་བཤད་སྤེལ་སྐབས་ཀྲུང་གོས་སི་རི་ལན་ཁའི་ལྷོ་རྒྱུད་ཧན་པན་ཐོ་ཐ་ས་ཁུལ་དུ་མ་འཇོག་བྱས་པ་དེ་སི་རི་ལན་ཁའི་འཕེལ་རྒྱས་ཐད་དགོས་གལ་ཆེན་པོ་ཡོད་པ་བསྐྱར་བསྒྲགས་བྱས་པ་རེད།
        ཝུའེ་ཁེ་ལེ་མ་ཤིན་ཧ་ཡིས་ཉིན་དེར་གྲོས་ཚོགས་ཐོག་ངོ་རྒོལ་ཏང་གིས་ཧན་པན་ཐོ་ཐའི་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་གི་ས་ཆ་སྤྱོད་པའི་གནད་དོན་ཐད་ཀྱི་སེམས་ཁྲལ་ལ་དམིགས་ནས་གཏམ་བཤད་བྱས་ཤིང་། ཁོང་གིས་དང་ཐོག་ཀྲུང་གོས་སི་རི་ལན་ཁའི་ལྷོ་རྒྱུད་གྲོང་ཁྱེར་ཧན་པན་ཐོ་ཐ་ས་ཁུལ་དུ་མ་དངུལ་བཏང་ནས་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་བསྐྲུན་རྒྱུའི་མོས་མཐུན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་གོ་དང་གྲོས་མཐུན་བྱུང་བའི་འབྲེལ་ཡོད་གྲོས་ཆོད་གྲོས་ཚོགས་ཐོག་གྲོས་འཆམ་བྱ་རྒྱུར་སྐྱེལ་རྒྱུ་ཡིན་ཞེས་བརྗོད།
        ཝུའེ་ཁེ་ལེ་མ་ཤིན་ཧ་ཡིས་མིག་སྔར་ཀྲུང་གོ་ཕུད་སི་རི་ལན་ཁས་ད་དུང་རྒྱལ་ཁབ་གཞན་གྱི་ཀུང་སི་དང་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་ལ་མ་འཇོག་བྱེད་རྒྱུའི་ཐད་གྲོས་མོལ་བྱ་རྒྱུའི་ནང་ཨ་རི་དང་སོ་ཏི་ཨ་རབ་ཀྱི་ཀུང་སི་ཚུད་ཡོད་ཅེས་བརྗོད།
        ཁོང་གིས་ད་དུང་ཧན་པན་ཐོ་ཐ་ས་ཁུལ་དུ་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་འཛུགས་སྐྲུན་ཐད་གནད་དོན་གནས་ཡོད་ཚེ་སྲིད་གཞུང་གིས་བཟོ་ལས་གླིང་དེ་ས་ཆ་གཞན་དུ་སྤོ་རྩིས་ཡོད་ཅེས་བརྗོད།
        འཆར་འགོད་གཞིར་བཟུང་། ཧན་པན་ཐོ་ཐའི་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་གིས་ས་ཁྱོན་སྤྱི་ལེ་ངོས་གྲུ་50བཟུང་ནས་ཚོང་དོན་ཟོག་འདྲེན་ལས་རིགས་འགོ་འཛུགས་སར་བྱས་ཏེ་གྲུ་གཟིངས་ཀྱི་ཞབས་ཞུ་དང་རྒྱ་མཚོའི་ཐོན་རྫས་ལས་སྣོན་དང་ཞིང་ཞོར་ཐོན་རྫས་ལས་སྣོན་སོགས་ལས་སྣོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།