འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནས་ལོ་སིའི་བར་གྱི་ལྕགས་ལམ་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་27ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ནས་ལོ་སིའི་བར་གྱི་ལྕགས་ལམ་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པའི་མཛད་སྒོ་དེ་ཚེས་25ཉིན་ལོ་སིའི་བྱང་རྒྱུད་ལང་པོ་ལ་མངའ་སྡེར་འཚོགས་ཤིང་། ལོ་སིའི་ཙུང་ལི་ཐུང་ལུན་གྱིས་ལོ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འཐུས་མིའི་སྣེ་འཁྲིད་དེ་སྦྱག་མས་ས་རྐོ་བ་མ་ཟད་ཁོང་ངོ་མས་མཁར་རྔ་རྡུང་བ་རེད།
            ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི། ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧོང་ཏི་ཕུའུ་ཡིས་ཤིས་ཚིག་ནང་ཀྲུང་གོ་ནས་ལོ་སིའི་བར་གྱི་ལྕགས་ལམ་ནི་ཀྲུང་གོ་དང་ལོ་སིའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མཐོ་ཤོས་ཀྱིས་འཐབ་ཇུས་འགོད་པ་དང་སྐུལ་མ་བཏང་བའི་འཐབ་ཇུས་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་ཞིག་རེད། ཀྲུང་གོ་ནས་ལོ་སིའི་བར་གྱི་ལྕགས་ལམ་ནི་ཨེ་ཤེ་ཡ་ཧྲིལ་པོའི་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོ་འབྲེལ་མཐུད་བྱེད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་རེད། 2015ལོའི་ཟླ་12ཚེས་2ཉིན་རྣམ་གྲངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་འཚོགས་པ་ནས་ད་བར་ལམ་ཐིག་ཧྲིལ་པོ་ལས་འགོ་ཚུགས་པའི་ཆ་རྐྱེན་འཛོམས་ནས་ཚེས་25ཉིན་འཚོགས་པའི་མཛད་སྒོ་དེའི་ཐོག་ཀྲུང་གོ་ནས་ལོ་སིའི་བར་གྱི་ལྕགས་ལམ་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པའི་སྐུལ་སློང་བཀའ་རྒྱ་བཏང་ཡོད་ཅེས་བརྗོད་ཡོད།
            ལོ་སིའི་སྤྱི་པའི་ལས་གྲྭ་དང་སྐྱེལ་འདྲེན་པུའི་པུའུ་ཀྲང་པུན་ཀྲན·ཤིན་ཐ་ཧྥུང་གིས་ལོ་སི་ནས་ཀྲུང་གོ་བར་གྱི་ལྕགས་ལམ་རྣམ་གྲངས་ནི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ལོ་རྒྱུས་རང་བཞིན་གྱི་ལམ་ཚད་རྡོ་རིང་ཞིག་ཡིན་པས་ལོ་སིའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་ཆབས་ཅིག་ལོ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་། ཚོང་དོན། མ་འཇོག ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་ནང་གི་དཔལ་འབྱོར་འབྲེལ་བ་སྔར་བས་ཆེ་རུ་གཏོང་རྒྱུ་རེད་ཅེས་བཤད།
          ལོ་སིའི་ཙུང་ལི་གཞོན་པ་ཟུར་པ་སུང་ཧྲ་ཝ·ལིང་ཧྲ་ཝ་དང་། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀོན་ཧྭ་པིན། ལོ་སི་སྲིད་གཞུང་གི་ཚན་པ་མང་པོའི་འགན་འཁུར་བ་གཙོ་བོ། ཀྲུང་གོ་ནས་ལོ་སིའི་བར་གྱི་ལྕགས་ལམ་ལོ་སི་ལམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་འགོ་ཁྲིད་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
          ཀྲུང་གོ་ནས་ལོ་སིའི་བར་གྱི་ལྕགས་ལམ་བྱང་ངོས་ནས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་མོ་ཧན་འགག་སྒོ་ནས་མོ་ཏིང་འགག་སྒོ་དང་། ལྷོ་ངོས་ཝན་ཐེན་བར་རིང་ཚད་ཧྲིལ་པོར་སྤྱི་ལེ་400ལྷག་ཙམ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།