འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོར་སྔོན་ལ་དགོངས་དག་ཐུགས་བདེན་ཞུ་དགོས་ངེས་རེད”

    —— ཨ་རིའི“སྟག་འཕུར་རུ་ཁག”གི་དམག་མི་རྒན་གྲས་ཀྱིས་ཨན་པེར་བསྐུར་བའི་ཡོངས་བསྒྲགས་ཡི་གེ

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་27ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་མུ་ཏིག་གྲུ་ཁར་འཚམས་འདྲི་བྱེད་པའི་སྔ་རོལ་དུ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྲུང་གོར་དང་བླངས་རོགས་སྐྱོར་བྱེད་མཁན་ཨ་རིའི་མཁའ་འགྲུལ་རུ་ཁག“སྟག་འཕུར་རུ་ཁག”གི་ཁོངས་མི་དབྱི་གཡོད་ཧན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བརྒྱུད་ཨན་པེར་ཡོངས་བསྒྲགས་ཡི་གེ་བསྐུར་ནས་རི་པིན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྲུང་གོར་བཙན་འཛུལ་བྱས་པའི་བྱེད་སྤྱོད་དང་གཏུམ་སྤྱོད་ལ་དགོངས་དག་ཐུགས་བདེན་ཞུ་དགོས་པའི་ལྕག་སྐུལ་བྱས་པ་རེད།
            ཡོངས་བསྒྲགས་ཡི་གེའི་འགྱུར་མ་ཆ་ཚང་གཤམ་གསལ། (མ་ཡིག་དབྱིན་ཡིག་ཡིན་པ)
          རི་པིན་བས་ནན་ཅིང་དུ་ཉེས་མེད་ཀྲུང་གོ་བ་ཁྲི་བཅུ་ཕྲག་ཁ་ཤས་དམར་གསོད་གཏོང་བའི་ལོ་དེར་རང་ཉིད་ལོ་17ལ་སླེབས་པ་དང་ནན་ཅིང་ནས་བར་ཐག་ལེ་དབར་སྟོང་གི་སར་ཡོད་པའི་ཡུན་ནན་ཁུན་མིང་དུ་འཚོ་བ་སྐྱེལ་གྱི་ཡོད།
           ནན་ཅིང་དམར་གསོད་ཆེ་མོ་ནི་འཇིགས་གཏུམ་ཧ་ཅང་ཆེ་བ་དང་བ་སྤུ་གྱེན་དུ་ཟིང་བའི་ཁོང་ཁྲོ་སྐྱེ་འོས་པའི་སྡིག་སྤྱོད་ཅིག་ཡིན། སྐབས་དེ་དུས་ཀྲུང་གོར་ཡོད་པའི་མི་ཚང་མས་བྱེད་སྤྱོད་དེར་ཧང་སངས་ཡོད། དེ་རྗེས་ཀྱི་དུས་ཡུན་རིང་པོ་ཞིག་ནང་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་ཀྲུང་གོའི་ཉེས་མེད་དམངས་ཚོགས་ལ་རྩུབ་སྤྱོད་སྣ་ཚོགས་སྤེལ་ཡོད།
           ལོ་དེར་རི་པིན་གྱིས་ཨེ་ཤེ་ཡ་བཙན་བཟུང་བྱ་རྒྱུའི་རེ་ངན་བཅངས་པ་དང་འཇར་མན་གྱིས་ཡོ་རོབ་ཁྱུར་མིད་གཏོང་རྩིས་བྱས་ཡོད། ཤིས་ཐེ་ལེས་ཡ་གུ་དཱ་པའི་རིགས་རྒྱུད་རྩ་མེད་གཏོང་བ་ལྟར་རི་པིན་དམག་གིས་ཀྲུང་གོར་རིགས་རྒྱུད་དམར་གསོད་གཏོང་བའི་སྡིག་ཉེས་བསགས་མོད། འོན་ཀྱང་ད་བར་ནུབ་ཕྱོགས་རིག་ལམ་ཞིབ་འཇུག་ཁྱབ་ཁོངས་དང་སྨྱན་སྦྱོར་གྱིས་རི་དམག་གི་རྩུབ་སྤྱོད་ཀྱི་ཚབས་ཆེའི་གནས་ཚད་ངོས་འཛིན་ཐུབ་མེད།
           ཨན་པེ་ཅིན་སན་གྱིས་མུ་ཏིག་གྲུ་ཁར་འཚམས་འདྲི་བྱེད་པ་དེ་ནི་ཨ་རི་དང་རི་པིན་གྱིས་མ་ཡིན་ཡིན་མདོག་བྱེད་པ་ལྟར་ཡིན་ལ་རི་པིན་གྱིས་ཀྲུང་གོ་བར་དགོངས་དག་ཐུགས་བདེན་ཞུ་དགོས་ངེས་ཡིན་པ་དང་། ནན་ཅིང་དམར་གསོད་ཆེ་མོར་དགོངས་དག་ཐུགས་བདེན་ཞུ་དགོས་པ། ཀྲུང་གོར་བཙན་འཛུལ་བྱས་པར་དགོངས་དག་ཐུགས་བདེན་ཞུ་དགོས་པ། ཀྲུང་གོ་བ་ཁྲི་བཅུ་ཕྲག་ཁ་ཤས་དམར་གསོད་བཏང་བར་དགོངས་དག་ཐུགས་བདེན་ཞུ་དགོས་པ་བཅས་རེད།
           1931ལོར་རི་པིན་གྱིས་ཀྲུང་གོའི་བྱང་ཤར་ས་ཁུལ་དུ་བཙན་འཛུལ་བྱས་པ་དང་ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་མནའ་འབྲེལ་ལ་གོང་གཏུག་བྱས་པར་རི་པིན་གྱི་འཐུས་མི་ཚོགས་པས་དེ་མུར་ཚོགས་ར་ནས་ཁ་བྲལ་ཡོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེ་མོ་ཡིན་པའི་དབྱིན་ཇི་དང་། ཧྥ་རན་སེ། འཇར་མན། དབྱི་ཐ་ལི་བཅས་སམ། ཨ་རི་བཅས་ཚང་མས་གོ་མེད་ཚོར་མེད་བྱས་ཡོད།
           གལ་ཏེ་སྐབས་དེ་དུས་ནུབ་ཕྱོགས་རྒྱལ་ཁབ་ཆེ་མོ་དེ་དག་གིས་བྱ་སྤྱོད་ཕྲན་བུ་སྤེལ་བ་དང་བྱེད་ཐབས་གང་རུང་ཞིག་སྤྱད་ཡོད་ན་ཀྲུང་གོའི་མི་སེར་ཁྲི་བརྒྱ་ཕྲག་ཁ་ཤས་གདུག་རྩུབ་ཆེ་བའི་དམར་གསོད་ལས་གཡོལ་ཐུབ་ཡོད་ཤས་ཆེ། རི་པིན་བ་དེ་དག་གི་སྡིག་ཉེས་ནི་ཤིས་ཐེ་ལེ་དང་ཧེ་བག་གང་ཡང་མེད། རི་པིན་གྱིས་རྒྱལ་ཁབ་མང་པོ་ཞིག་ལ་དགོངས་དག་ཐུགས་བདེན་ཞུ་དགོས་པའི་ནང་སྔོན་ལ་ཀྲུང་གོར་དགོངས་དག་ཐུགས་བདེན་ཞུ་དགོས་པ་ལས་ཨ་རི་མིན།
           དེ་ལྟར་ཡིན་སྟབས་ཟླ་འདིའི་ནང་ཨན་པེ་མུ་ཏིག་གྲུ་ཁར་འཚམས་འདྲིར་བསྐྱོད་པའི་བྱེད་སྤྱོད་དེ་རི་པིན་དང་ཨ་རི་དབར་ཕན་ཚུན་སྤྲེལ་ལད་འཁྲབ་པའི་གཡོ་འཁྲུལ་ཞིག་དེ་བས་ཡིན་ཤས་ཆེ།
          དབྱི་གཡོད་ཧན།
          ཨ་རིའི་ཁོའོ་ལུའོ་ལ་ཏུའོ་སློབ་ཆེན་དང་ཏན་ཕུའུ་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་དགེ་རྒན་ཆེ་མོ་བ། དབྱི་གཡོད་ཧན་ནི་1921ལོའི་ཟླ་11ཚེས་29ཉིན་ཡུན་ནན་ཀྲའོ་ཐུང་དུ་སྐྱེས་པ་དང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་དམག་གིས་ཀྲུང་གོར་རི་དམག་འགོག་རྒོལ་བྱེད་པའི“སྟག་འཕུར་རུ་ཁག”གི་སྐད་སྒྱུར་དཔོན་ཡིན་ཞིང་། 1942ལོའི་དབྱར་ཁ“སྟག་འཕུར་རུ་ཁག”འཐོར་རྗེས་དབྱི་གཡོད་ཧན་ཨ་རིར་བསྐྱོད། 2012ལོར་ཁོང་གིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས“སྟག་འཕུར་རུ་ཁག”གི་ཁོངས་མིའི་ངོས་ནས་ལེགས་སྐྱེས་ཕུལ་སྟབས་ཁོའོ་ལུའོ་ལ་ཏུའོ་ཀྲོའུ་ཡིས་ལོ་དེའི་ཟླ་7ཚེས་17ཉིན་ནི“དབྱི་གཡོད་ཧན་ཉིན་མོ”ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།