འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཝང་པིང་ཡུས་ཀྱིས་འཁྱགས་ལྟིར་ལ་འཆང་བའི་དྭངས་གཙང་སེམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་15ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13། ཀྲུང་གོ་རྒྱལ་ཁབ་ཀྱི་སྐྱེད་མའི་འཁྱགས་ལྟིར་རུ་ཁག་གི་རུ་དཔོན་ཝང་པིང་ཡུས་ཀྱིས་སུའུ་ཀེ་ལན་རུ་ཁག་དང་འགྲན་བསྡུར་བྱས་ཟིན་རྗེས་ལྟོ་ཕད་ཁུར་ནས་འཁྱགས་ལྟིར་འགྲན་ར་ནས་བག་ཕེབས་ངང་ཕྱིར་ཐོན་ཞིང་། ཕྱི་རོལ་དུ་ཁོ་མོར་དོ་ཁུར་བྱེད་མཁན་འཁྱག་ལྟིར་ལ་དགའ་པོ་ཡོད་མཁན་གྱིས་ཁེངས་པ་དང་ཚང་མས་རུ་རིང་པོ་བསྒྲིགས་ནས་ཀྲུང་གོའི“འཁྱགས་ལྟིར་གཅེན་མོ”དང་མཉམ་པར་ཞིག་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ད་དུང་འཁྱགས་ལྟིར་ལ་དགའ་པོ་ཡོད་མཁན་ཚོས་འཕྲིན་གསལ་ཤོག་བྱང་དང་སྨྱུ་གུ་གྲ་སྒྲིག་ལེགས་པར་བྱས་ནས་ཝང་པིང་ཡུས་ཀྱིས་ས་ཡིག་འགོད་པར་སྒུགས་བསྡད་ཡོད། སྐབས་དེར་དགོང་མོའི་ཆུ་ཚོད་10པ་ཙམ་ཟིན་པ་དང་འཁྱགས་ཤུད་ཁང་གི་ཕྱི་རོལ་དུ་གྲང་ངར་ཆེ་བའི་རླུང་བུ་ལྡང་བཞིན་ཡོད།
         “མདུན་གྱི་གྲོགས་པོ་ལགས། འཚང་ཁ་མ་རྒྱག་རོགས། རེ་རེ་བཞིན་ཡིན་ད། ཚང་མས་འཁྱགས་ལྟིར་རུ་ཁག་ལ་དོ་སྣང་དང་ང་ལ་དགའ་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཝང་པིང་ཡུས་ཀྱིས་མིང་འགོད་པ་དང་མཉམ་པར་རྒྱག་བཞིན་དུ་ས་གནས་ས་ཐོག་གི་འཁྲུག་ཆ་དོད་པའི་སྒྲིག་ལམ་བསྲུངས་ཤིང་། བབ་བརླིང་ལྡན་པ་ནི་ཁོ་མོ་འགྲན་རར་སླེབས་པ་དང་གཉིས་སུ་མ་མཆིས།
         ཚེས་11ཉིན་ནས་17ཉིན་བར་གྱི་རྒྱལ་སྤྱིའི་འཁྱགས་ལྟིར་གདན་ཞུའི་འགྲན་བསྡུར་དེ་མཚོ་སྔོན་མདོ་པ་ས་མཐོའི་རྒྱལ་ཁབ་སྦྱོང་བརྡར་རྟེན་གཞིར་གཉེར་བ་དང་ཁ་ན་ཏ་དང་། སུའེ་ཏེན། སུའེ་ཙེར། ཨ་རི། ཨུ་རུ་སུ། འཇར་མན། ཀྲུང་གོ་སོགས་རྒྱལ་ཁབ་དང་ས་ཁུལ་11གི་རྩེར་སོན་རུ་ཁག་16གིས་འཁྱགས་ཐོག་ཏུ་འགྲན་བསྡུར་ཛ་དྲག་པོ་བྱས་ཏེ་འཁྱག་ལྟིར་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོར་ལྟད་མོ་ཆེ་བའི་འགྲན་བསྡུར་ཐེངས་20ལྷག་ཙམ་བྱེད་རྒྱུ་ཡིན་པ་རེད།
        གངས་འཁྱགས་ལུས་རྩལ་དར་སོ་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་ཀྲུང་གོར་འཁྱགས་ལྟིར་ལུས་རྩལ་དར་ནས་དུས་ཐུང་ལོ་བཅུ་གྲངས་ལས་སོང་མེད། 2009ལོའི་སྐྱེད་མའི་འཁྱགས་ལྟིར་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་ཝང་པིང་ཡུས་ཀྱིས་ཀྲུང་གོའི་སྐྱེད་མའི་འཁྱགས་ལྟིར་རུ་ཁག་གི་སྣེ་ཁྲིད་དེ་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཉམས་མྱོང་ཆེ་བའི་སུའེ་ཏེན་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པས་གངས་འཁྱགས་རྣམ་གྲངས་ཐད་ཀྲུང་གོར་ཚད་བརྒལ་ཆེན་པོ་བྱུང་ཡོད། དེར་བརྟེན་འཁྱགས་ལྟིར་གྱིས་མི་མང་པོའི་བསམ་འདུན་འགྲུབ་ལ་སྐྱེད་མའི་འཁྱགས་ལྟིར་རུ་ཁག་མི་དེ་བས་མང་པོས་ཤེས་རྟོགས་བྱུང་བ་དང་དེར་ཁས་ལེན་ཡང་ཐོབ་ཡོད།
        2013ལོར་ཝང་པིང་ཡུས་གཉེན་སྒྲིག་བྱས་ནས་སྐབས་ཤིག་རིང་ཁོང་འགྲན་ར་ནས་མཐོང་རྒྱུ་མེད་པར་གྱུར་ཡོད། འདི་ལོ་ལོ་སྟོད་དུ་ཤིན་ཅང་དུ་གཉེར་བའི་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འཁྱག་ལྟིར་འགྲན་རར་ཁོ་མོ་ཐོན་པ་དེ་ནི་གཉེན་སྒྲིག་བྱས་རྗེས་སླར་ཡང་དངོས་གཞིའི་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་རེད།
        རང་ཉིད་འཁྱགས་ལྟིར་ལ་ཐོག་མཐའ་བར་གསུམ་དུ་ཧ་ཅང་དགའ་པོ་ཡོད། དེ་ནི་ནམ་ཡང་འགོག་ཐབས་བྲལ་བའི་སྟོབས་ཤུགས་ཤིག་རེད། འཁྱགས་ལྟིར་རུ་ཁག་ལས་བྲལ་བའི་དུས་ཚོད་ནང་རུ་གྲོགས་ཚོ་ཤིན་ཏུ་ནས་དྲན་པོ་འདུག་ལ་སྔོན་ཆད་སྦྱོང་བརྡར་དང་འགྲན་བསྡུར་ནང་ཞུགས་པ་དེ་དག་ཡིད་ལ་ལྷང་ལྷང་དུ་དྲན་གྱི་འདུག་ཅེས་ཝང་པིང་ཡུས་ཀྱིས་བཤད།
        དགུན་དུས་ཀྱི་ཨའོ་རྩལ་འགྲན་ཚོགས་ངོས་ནས་བརྗོད་ན་ཁོ་མོར་རང་ཉིད་ཀྱི་རེ་སྒུག་ཅིག་ཡོད། “ད་ཆ་ཀྲུང་གོའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་འགྲོ་ཡག་ཤོས་ཀྱི་དུས་སྐབས་སུ་སླེབས་ཡོད་ལ་རུ་མི་མང་ཆེ་བ་གཞོན་ནུ་ཡིན་པས། རང་ཉིད་2018ལོའི་དགུན་དུས་ཀྱི་ཨའོ་རྩལ་འགྲན་ཚོགས་ནང་ཞུགས་ནས་རུ་ཁག་གི་སྣེ་ཡག་པོ་ཁྲིད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ད་ཆ་བཤད་ན་སྔ་དྲགས་འདུག་ཀྱང་2022ལོའི་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ལ་རང་ཉིད་ཞུགས་ཐུབ་པ་བྱ་རྒྱུ་ནི་ངའི་མཐའ་མའི་དམིགས་ཡུལ་ཡིན། སྦྱིན་བདག་རྒྱལ་ཁབ་ཡིན་པའི་ངོས་ནས་སོ་སོའི་རྒྱལ་ཁབ་ཏུ་ཨའོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་ནི་གཟི་བརྗིད་ཆེ་བའི་བྱ་བ་ཞིག་ཡིན”ཞེས་ཝང་པིང་ཡུས་ཀྱིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།