འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཅིང་དང་ཧར་པིན་གྱིས་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོར་མྱ་ངན་ཞུ་བའི་བྱེད་སྒོ་
    སྣ་ཚོགས་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་15ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་ནི་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ཚོར་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོ་ཡིན་པ་དང་ཉིན་དེར་ནན་ཅིང་དང་ཧར་པིན་གྱིས་མྱ་ངན་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།
         ཉིན་དེར་ནན་ཅིང་གྲོང་ཁྱེར་གྱི་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླ་ཚོའི་དུར་ས་17དང་སྡེ་ཁུལ་12དང་དེ་བཞིན་གྲོང་ཁྱེར་རིམ་པ་ཡན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་དུས་མཚུངས་སུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་རེད། སྔ་དྲོའི་ཆུ་ཚོད་10པར་མི་སེམས་ལ་གཡོ་འགུལ་གཏོང་བའི་སྙན་ངག་སྐད་གསངས་མཐོན་པོས་ཀློག་པའི་བྱེད་སྒོ་ཞིག་ནན་ཅིང་རི་འགོག་མཁའ་སྐྱོད་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ཐང་ཆེན་དུ་གཉེར་བ་དང་ལས་རིགས་ཁག་གི་མི་སྣས་རི་འགོག་མཁའ་སྐྱོད་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཞུས་པ་དང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཟབ་མོ་ཞུས་པ་རེད། ནན་ཅིང་གྲོང་ཁྱེར་སྲིད་གྲོས་དང་། གྲོང་ཁྱེར་གྱི་ཀྲུང་གོའི་གོ་མིན་ཏང་གི་གསར་བརྗེ་ཨུ་ལྷན། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན། སྤུན་ཟླ་ཐའེ་དབན་བ་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ་དང་དེ་བཞིན་ནན་ཅིང་མཁའ་སྐྱོད་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་དང་རི་འགོག་མཁའ་སྐྱོད་སྔོན་གཤེགས་དཔའ་བོའི་གཉེན་ཉེ་སོགས་300ཙམ་ད་རེས་ཀྱི་སྤྱི་མཆོད་བྱེད་སྒོར་ཞུགས་ཡོད་པ་རེད།
         ཧར་པིན་གྱི་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གི་བདུན་གསུམ་གཅིག་དཔུང་སྡེའི་ཉེས་དཔང་སྒྲིག་གཤོམ་ཁང་གིས་ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་སྒྲིག་གཤོམས་ཁང་གསར་པའི་མྱ་ངན་ཁང་དུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་རེད།
         བྱེད་སྒོའི་ཐོག་བདུན་གསུམ་གཅིག་དཔུང་སྡེའི་གནོད་འཚེ་ཕོག་མཁན་གྱི་འདས་པོའི་གཉེན་ཉེའི་འཐུས་མི་དང་རི་པིན་གྱི་རྫས་འགྱུར་ཡོ་བྱད་ཀྱི་གནོད་འཚེའི་ཁྲོད་ནས་སྟེས་དབང་གིས་གསོན་པའི་འཐུས་མི་10གདན་ཞུ་བྱས་པ་དང་བྱེད་སྒོ་དེ་ཁག་ལྔ་ལས་གྲུབ་ཡོད། 《ཞི་བདེའི་བསྒྲགས་གཏམ་》སྐད་གསངས་མཐོན་པོས་མགྲིན་གཅིག་ཏུ་ཀློག་པ་དང་གནོད་འཚེ་ཕོག་མཁན་གྱི་མིང་བཀོད་པའི་གྱང་གི་མདུན་དུ་མེ་ཏོག་སོས་པ་འབུལ་བ་སོགས་ཀྱི་བྱ་ཐབས་བརྒྱུད་མྱ་ངན་ཟབ་མོ་ཞུས་པ་རེད། སློབ་མའི་འཐུས་མི་40དང་། ལས་བྱེད་ཀྱི་འཐུས་མི་20 ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ་བརྒྱ་ལྷག་ཙམ་བཅས་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་ཡོད།
         ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གི་བདུན་གསུམ་གཅིག་དཔུང་སྡེའི་ཉེས་དཔང་སྒྲིག་གཤོམས་ཁང་གི་འགོ་དཔོན་ཅིན་ཁྲེང་མིན་གྱིས་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོ་གཏན་འཁེལ་བྱས་པ་དེས་རི་པིན་གྱི་བཙན་འཛུལ་གཏུམ་སྤྱོད་སྲ་འགྱུར་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དང་ལོ་རྒྱུས་དེ་ཉིད་དུས་རབས་འཕོ་འགྱུར་འགྲོ་བ་དང་བསྟུན་ནས་འགྱུར་ལྡོག་འགྲོ་མི་སྲིད་པས་ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོ་ངེས་ནས་རྒྱལ་ཁབ་ཀྱི་མཚན་ཤས་མི་བརྗེད་པ་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།