འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མགོ་ལོག་གིས་བོད་རིགས་ས་ཁུལ་གྱི་སློབ་གསོའི་རྣམ་པ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་པད་རྒྱལ་བཀྲ་ཤིས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས། མགོ་ལོག་ཀྲོའུ་ཡིས་སློབ་གསོའི“འདུ་འགོད་ཆེན་པོ་བརྒྱད”ལག་བསྟར་བྱས་ནས། སློབ་གསོ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པས། སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད་ཅེས་གསུངས།
         པད་རྒྱལ་བཀྲ་ཤིས་ཀྱིས་རིམ་རྩིས་ལྟར་ན་མགོ་ལོག་ཀྲོའུ་ཡིས་མ་དངུལ་སྒོར་དུང་ཕྱུར་16.8བཏང་ནས་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བའི་འདུ་འགོད་ལག་བསྟར་བྱས་པས། སྤྱི་ཡོངས་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཕྱིན་ཏེ་ཚད་གཞི་ཅན་གྱི་འཛུགས་སྐྲུན་དུས་མཚམས་སུ་ཐོག་མར་སླེབས་ཡོད། ཀྲོའུ་དེས་ལོ་ལྔ་ཡི་ནང་སྔ་རྗེས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་127གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་51.63ཟིན་པ་དང་སྦྲགས། སློབ་གྲྭ་ཚད་གཞི་ཅན་འཛུགས་སྐྲུན་ལ་སྐུལ་མ་བཏང་ནས་སློབ་གྲྭ་འབྲིང་ཆུང་32ཀྱི་ཚད་གཞི་ཅན་སྒྱུར་བཀོད་ལས་འགན་ལེགས་གྲུབ་ཟིན་པ་དང་། བུ་བཅོལ་ཁང་30ཡི་ཚད་གཞི་ཅན་གྱི་བླང་བྱ་དང་གཞི་རྩའི་ཆར་མཐུན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         ལས་རིགས་སློབ་གསོའང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་མ་དངུལ་སྒོར་དུང་ཕྱུར་1.6བཏང་བའི་ཀྲོའུ་ལས་རིགས་སློབ་ཁུལ་གསར་པ་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཟིན་ཞིང་། མིག་སྔར་སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་795ཡོད་པ་དང་། ཆེད་ལས་བཀོད་སྒྲིག་དང་། སློབ་ཚན་བཀོད་སྒྲིག དགེ་རྒན་དཔུང་ཁག་འཛུགས་སྐྱོང་། དངོས་སྦྱོང་ལས་ཞུགས་བཅས་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་པ་དང་། ཧྲང་ཧའེ་དང་། ཧུའུ་པེ། ཁྲུང་ཆིང་སོགས་དང་ལས་རིགས་སློབ་གསོའི་རོགས་སྐྱོར་འབྲེལ་བ་ཧུར་ཐག་བཙུགས་ཁར། སྔ་རྗེས་སུ་ནང་སའི་ལས་རིགས་སློབ་གྲྭར་སློབ་མ་960སློབ་སྦྱོང་བྱེད་པར་མངགས་པ་རེད།
         པད་རྒྱལ་བཀྲ་ཤིས་ཀྱིས་མིག་སྔར་མགོ་ལོག་ཀྲོའུ་ཡིས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ། མཚོ་སྔོན་ཞིང་ཆེན་དུ་སློབ་ཞུགས་གོང་གི་ལོ་གསུམ་ནས་མཐོ་རིམ་སློབ་འབྲིང་བར་སློབ་ཡོན་མི་དགོས་པའི་སྲིད་ཇུས་སྔ་སྣུར་དུ་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཁུར་པོ་ཡང་དུ་བཏང་བ་མ་ཟད། ཤེས་ཡོན་ཅན་གྱི་འདུ་འགོད་ཀྱང་ལག་བསྟར་བྱས་ནས། ས་ཆ་གཞན་དུ་སློབ་གཉེར་བྱ་རྒྱུར་སྐུལ་མ་ཤུགས་ཆེན་བཏང་སྟེ། 2014ལོ་ཚུན་དུ་ལོ་ལྟར་སློབ་མ་500ཡན་པེ་ཅིང་དང་། ལེའོ་ཉིང་། ཧྲང་ཧའེ། ཧུའུ་པེ། ཟི་ལིང་སོགས་ཀྱི་དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། ལས་རིགས་སློབ་གྲྭ་བཅས་སུ་སློབ་སྦྱོང་བྱེད་པར་མངགས་པ་རེད། མཐུན་སྦྱོར་དང་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད། མ་དངུལ་སྒོར་དུང་ཕྱུར་1.08བཏང་བའི་ཟི་ལིང་མགོ་ལོག་སློབ་འབྲིང་ལས་འགོ་འཛུགས་ལ་ཉེ་བ་དང་། སློབ་འབྲིང་དེ་བསྐྲུན་ཟིན་རྗེས་ཞིང་འབྲོག་པའི་བུ་ཕྲུག་ཞིང་ཆེན་དུ་སློབ་གསོ་སྤུས་ལེགས་མྱོང་བར་སྐྱོད་ཐུབ་པ་དང་ཆབས་ཅིག་སློབ་གྲྭར་ཞུགས་ཚད་དང་། སྲ་བརྟན་དུ་གཏོང་ཚད། སློབ་རིམ་འཕར་ཚད་བཅས་མཐོ་རུ་འགྲོ་རྒྱུ་གཙོ་གནད་དུ་བྱས་ཏེ“གཞི་རྩ་གཉིས”སྲ་བརྟན་དང་མཐོ་རུ་འགྲོ་ཚད་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།