འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་
    རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་ཇུས་འགོད་རི་མོ་ཚེས་20ཉིན་ནས་
    བཟུང་བསྡུ་འགོ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་(གཤམ་དུ“ཚོགས་རྟགས”ཞེས་བསྡུ་རྒྱུ)ཇུས་འགོད་རི་མོ་བསྡུ་རུབ་གཞུང་དོན་ཁང་གིས་ཟླ་11ཚེས་20ཉིན་ནས་བཟུང་བསྡུ་འགོ་འཛུགས་རྒྱུ་རེད། མཐར་གཏན་འཁེལ་བྱུང་བའི་ཚོགས་རྟགས་2017ལོའི་ལོ་སྨད་དུ་ཁྱབ་བསྒྲགས་བྱ་རྒྱུ་རེད།
         པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གསར་འགྱུར་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲའོ་ཝུའེ་ཡིས་ཚོགས་རྟགས་བསྡུ་རུབ་གཞུང་དོན་ཁང་གིས་ཟླ་11ཚེས་20ཉིན་ནས་ཚེས་30ཉིན་བར་སྤྱི་ཚོགས་ལས་རིགས་ཁག་ནས་ཚོགས་རྟགས་ཇུས་འགོད་རི་མོ་བསྡུ་རུབ་བྱ་རྒྱུ་དང་དེ་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཟླ་12ནས་བཟུང་བསྡུ་རྒྱུའི་ཇུས་གཞི་གཞིར་བཟུང་དཔྱད་ཞིབ་བྱ་རྒྱུ་དང་འབྲེལ་བརྩམས་ཆོས་བཅུ་གདམ་རྒྱུ་རེད། མཐར་བདམས་ཐོན་བྱུང་བའི་ཚོགས་རྟགས་ཇུས་འགོད་རི་མོའི་བརྩམས་ཆོས་ལ་མི་དམངས་ཤོག་སྒོར་ཁྲི་20ཡི་བྱ་དགའ་སྤྲོད་རྒྱུ་དང་། ཚོགས་རྟགས་དངོས་2017ལོའི་ལོ་སྨད་དུ་ཁྱབ་བསྒྲགས་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཚོགས་རྟགས་ནི་ཨོ་རྩལ་འགྲན་ཚོགས་དང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གལ་འགངས་ཆེ་བའི་མཐོང་ཚོར་གཞི་རྒྱུ་ཞིག་རེད། ད་ཐེངས་ཀྱི་ཚོགས་རྟགས་རི་མོ་གསར་གཏོད་བྱེད་ཕྱོགས་གོ་ལ་ཧྲིལ་པོར་ཕྱོགས་ནས་བསྡུ་རུབ་བྱ་རྒྱུ་མ་ཟད། རྒྱལ་ཁོངས་དང་། ཕོ་མོ། ལས་རིགས། ལོ་ན་བཅས་ཀྱི་ཚོད་འཛིན་གང་ཡང་མེད་པ་རེད། དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་དུས་མཉམ་དུ་བསྡུ་རུབ་བྱས་ཏེ་ཨོ་རྩལ་འགྲན་ཚོགས་གཉིས་ཀྱིས་ཚོགས་རྟགས་ཀྱི་མཐོང་ཚོར་རྣམ་པ་གཅིག་གྱུར་ཡོང་རྒྱུ་འགན་ལེན་བྱས་ཏེ“ཨོ་རྩལ་འགྲན་ཚོགས་གཉིས་དུས་མཉམ་དུ་འཆར་འགོད་དང་། དུས་མཉམ་དུ་ལག་བསྟར། དུས་མཉམ་དུ་བཀྲག་མདངས་མངོན་པ”བཅས་བྱ་རྒྱུ་རེད། ཚོགས་རྟགས་ཇུས་འགོད་རི་མོ་བསྡུ་རུབ་བྱེད་པའི་ལས་དོན་ཟླ་འདིའི་ཚེས་30ཉིན་གྱི་ཆུ་ཚོད་16ནས་མཇུག་འགྲིལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།