འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སོན་བཟང་ལ་འགག་སྒྲོལ་ཚད་བརྒལ་གསར་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་དེང་རབས་ཞིང་ལས་སྐྱེ་དངོས་འདེབས་ལས་འཕེལ་རྒྱས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོར་རང་རྒྱལ་གྱི་འདེབས་ལས་འཕེལ་རྒྱས་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་ནས་རང་བརྟེན་གསར་གཏོད་སྒུལ་ཤུགས་སུ་བྱས་པའི་དུས་མཚམས་གསར་པར་སླེབས་པ་དང་། འདེབས་ལས་ཚན་ཞིབ་གྲུབ་འབྲས་ཁེ་དབང་སྒྱུར་བཅོས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། སོན་བཟང་ལ་འགག་སྒྲོལ་ཚད་བརྒལ་གསར་པ་བྱུང་ནས་འཕྲུལ་བསྡུ་དང་འཚམ་པའི་མ་རྨོས་ལོ་ཏོག་གི་ས་བོན་དང་ཐོན་མཐོའི་སྤྲི་དཀར་སྲན་ཆེན་ས་བོན་གཉིས་ཚོད་ལྟའི་དཔེ་སྟོན་དུས་མཚམས་སུ་སླེབས་ནས་ཐོན་སྐྱེད་ཁྲོད་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་པ་རེད། ཁེ་ལས་ཟླ་སྒྲིལ་དང་གསར་གཏོད་གོམ་སྟབས་སྔར་བས་མགྱོགས་སུ་ཕྱིན་པ་དང་ཕྱོགས་བསྡུས་དངོས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།
         ཚོགས་འདུའི་ཐོག་བསྟན་དོན། འདེབས་ལས་འཕེལ་རྒྱས་གཏོང་བར་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་ལ་གཞིགས་ནས་གཙོ་གནད་དུ་ཕྱོགས་ལྔའི་ཐད་ནས་སྐུལ་འདེད་གཏོང་དགོས་པ་སྟེ། རེས་སྐོར་གསར་པའི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསར་སྒྱུར་ཐོན་བརྗེ་དང་སོན་བཟང་ཚན་ཞིབ་ཀྱི་མཉམ་འབྲེལ་འགག་སྒྲོལ་གཏིང་ཟབ་བྱས་ནས་མ་རྨོས་ལོ་ཏོག་གི་ས་བོན་འཕྲུལ་བསྡུ་དང་། ཆུ་འབྲས་ཀྱི་ཚ་ནད་སྔོན་འགོག གྲོའི་སྙེ་དམར་བཙའ་ནད་སྔོན་འགོག སྲན་ཆེན་ཐོན་མཐོའི་སྤྲི་དཀར་ས་བོན་བཅས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བའི་བརྩོན་ལེན་བྱེད་དགོས་པ་དང་། ཞིང་ལས་སྐྱེ་དངོས་ས་བོན་གྱི་ཞིབ་བཤེར་གཏན་འབེབས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ལས་སྐྱེ་དངོས་གཙོ་བོ་མིན་པའི་ས་བོན་གྱི་ཐོ་འགོད་ལག་བསྟར་གང་མགྱོགས་བྱེད་པ། ས་བོན་ཞིབ་བཤེར་གཏན་འབེབས་དང་ཐོ་འགོད་སྦྲེལ་མཐུད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་ས་བོན་གསར་པ་ཁག་གཅིག་ཁྱབ་གདལ་གཏོང་དགོས་པ། སོན་བཟང་གསར་པར་སྲུང་སྐྱོང་ཤུགས་ཆེན་བྱས་ནས་གདོད་མའི་གསར་གཏོད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། ས་བོན་ངོམ་སྟོན་གྱི་དཔེ་སྟོན་དང་ཉེན་ཁར་རྗེས་སྙེག་གདེང་འཇོག་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་དབར་སྦྲེལ་མཐུད་ཐུབ་པའི་ས་བོན་གྱི་ངོམ་སྟོན་དཔེ་སྟོན་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙོ་ཁྲིད་ས་བོན་གྱི་བཀོད་སྒྲིག་དང་རྗེས་སྙེག་གདེང་འཇོག་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་སོན་བཟང་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱེད་དགོས་པ། “འདེབས་ལས་ཆེན་པོའི”འདུ་ཤེས་ཟབ་ཏུ་གཏོང་བ་དང་ཀུ་ཤུའི་ཇ་སོགས་ལོ་ཏོག་གི་འདེབས་ལས་ཞན་ཆ་གང་མགྱོགས་གསབ་ནས་ཞིང་ལས་སྐྱེ་དངོས་ཀྱི་འདེབས་ལས་དོ་སྙོམས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་པ་བཅས་སོ།
      

    ཕྱོགས་བསྡུས་གསར་འགྱུར།