འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེ་དང་། ཧུའུ་པེ། སི་ཁྲོན། ཀན་སུའུ་བཅས་ཀྱིས་རྣམ་པ་སྣ་ཚོགས་ཐོག་ནས་ཀྲུང་ཨུ་ཚང་
    འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀན་ཏན་གྲོང་ཁྱེར་ཚུང་ཐའེ་ཆུས་ཀྱི་རིགས་པའི་གཞུང་ལུགས་འཐབ་ཕྱོགས་ཀྱི་སྒྲོག་འགྲེལ་པ་ཀྲང་ཧྥུའུ་ཐང་གིས“གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་གསོན་ཉམས་དོད་ལ་ངོ་མཚར་ལྡན་པའི་སྒྲོག་འགྲེལ”བྱས་པ་རེད། ཚེས་18ཉིན་ཀན་ཏན་གྲོང་ཨུད་ཀྱི་ཚོགས་ཁང་ནང་ལས་ཁུངས་ཀྱི་ལས་བྱེད་པ་དང་ཁེ་ལས་ཀྱི་འཐུས་མི་300ལྷག་ཙམ་གྱིས་ཧོ་པེ་ཞིང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཧོ་པེ་ཞིང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲང་ཧྥུའུ་ཅན་གྱི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་སྒྲོག་འགྲེལ་སྙན་ཞུ་ཉན་རྗེས་བསྔགས་བརྗོད་ཡང་ཡང་བྱས་པ་རེད།
         ཇི་ལྟར་བྱས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཧྲིལ་པོ་ཁོང་དུ་ནན་པོ་ཆུད་པ་བྱེད་དགོས་སམ། ཀྲང་ཧྥུའུ་ཅན་གྱིས“གཅིག་རེ་ལྔར”ཕྱོགས་སྡོམ་བྱས་པ་སྟེ། བརྗོད་དོན་ཁ་གསལ་ཞིག་ཁོང་དུ་ཆུད་པ་བྱེད་པ་ནི་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དེ་ཡིན་པ་དང་། འགོ་ཁྲིད་ཀྱི་སྲོག་ཤིང་གཏན་འཁེལ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ནི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་གསལ་པོ་བཏོན་པ་དེ་ཡིན་པ། ཐབས་མཆོག་གལ་ཆེན་ཡག་པོ་སྤྱོད་པ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་བཟོ་བ་དེ་ཡིན་པ། འགན་ལེན་ལ་ཤུགས་སྣོན་རྒྱག་པ་ནི་ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དེ་ཡིན་པ། འགག་རྩ་ཉུང་ཤས་ལ་དམ་འཛིན་བྱེད་པ་ནི་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་འབྲིང་རིམ་མཐོ་རིམ་ལས་བྱེད་པར་དམ་འཛིན་བྱེད་པ་དེ་ཡིན་པ་བཅས་རེད། “ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དུས་ཐུང་གི་སྒྲོག་འགྲེལ་ལས་འགྲེལ་བཤད་གསལ་པོ་རྒྱག་མི་ཐུབ་པར་གལ་ཆེ་ཤོས་ནི་ཚང་མས་སྔར་བས་སློབ་སྦྱོང་གཏིང་ཟབ་བྱས་ནས་སེམས་སུ་དངོས་གནས་ཟུག་པ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཟུང་འབྲེལ་ཡག་པོ་བྱེད་དགོས་པ་དེ་ཡིན”ཞེས་ཀྲང་ཧྥུའུ་ཅན་གྱིས་བཤད།
         ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་ལ་ཁྱབ་པ་བྱ་ཆེད། ཧོ་པེ་ཞིང་ཆེན་གྱི་སྒྲོག་འགྲེལ་ལས་དོན་དེ“ཧྲུའུ་ཅི་སྟོང་གིས་ཏང་གི་སློབ་ཚན་ཁྲིད་པ”དང་། “རིགས་པའི་གཞུང་ལུགས་གཞི་རིམ་ལ་ཁྱབ་གདལ་གཏོང་བ”“ཚལ་ཐོ་རྣམ་པ”བཅས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་སྒྲོག་འགྲེལ་བྱས་པ་བརྒྱུད་ཏང་ཡོན་ལས་བྱེད་པ་དང་། སློབ་མ་དང་དགེ་རྒན། གཞི་རིམ་མང་ཚོགས་བཅས་ཚོགས་སྤྱི་མི་འདྲ་བར་དམིགས་ནས་གནད་སྨིན་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་མི་འདྲ་བ་བསྐངས་ཡོད་པ་རེད། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ནས་སྒྲོག་འགྲེལ་དེ་རིག་རྩལ་དང་། གཞས་མ་གཏམ། ཡིག་གཟུགས་འབྲི་རྩལ་སོགས་དང་ཟུང་འབྲེལ་བྱས་ཏེ་ཡིད་དབང་འགུགས་ཤུགས་ཆེ་རུ་བཏང་ཡོད། བརྟག་ཞིབ་རྣམ་པ་དང་མཉམ་འགུལ་རྣམ་པའི་སྒྲོག་འགྲེལ་དང་སྒྲུང་གཏམ་དང་གནས་ལུགས་ཆུང་ངུའི་ཐོག་ནས་སྲིད་ཇུས་ཆེ་མོ་དང་གནས་ལུགས་ཆེ་མོ་འགྲེལ་བཤད་བརྒྱབ་སྟེ་སྒྲོག་འགྲེལ་དེ་མང་ཚོགས་དང་སྔར་བས་འབྲེལ་འདྲིས་ཐུབ་པ་བྱས་ཡོད། མིག་སྔར་ཧོ་པེ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གྲོང་ཁྱེར་13དང་ཁེ་ལས་གཅིག་ལ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་དང་སྒྲོག་འགྲེལ་ཉན་མཁན་མི་ཁྲི་2ལས་བརྒལ་ཡོད་པ་རེད།
         “མེ་སེར་གྱི་དཀའ་ངལ་འཕྲལ་མར་སེལ་རོགས་བྱེད་པ་དང་ཐག་གཅོད་མ་ཐུབ་ཚེ་མྱུར་དུ་གོང་རིམ་ལ་ཞུ་དགོས”ཚེས་17ཉིན་གྱི་སྔ་དྲོ་ཧུའུ་པེ་ཞིང་ཆེན་ཤང་གཡང་གྲོང་ཁྱེར་ཤང་ཀྲོའུ་ཆུས་ཧོའུ་ཕེ་གྲོང་རྡལ་ཝང་ཧུའུ་ཁྲུང་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་དེ་ནི་གྲོང་རྡལ་ཏང་ཨུད་ཀྱི་སྒྲོག་འགྲེལ་པ་ཁྲེན་ཧྥང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་གླེང་བཞིན་ཡོད་པ་དེ་རེད། ཝང་ཧུའུ་ཁྲུང་གྲོང་ཚོའི་ལོ་71ལ་སོན་པའི་ཏང་ཡོན་རྒན་གྲས་ལི་མིང་ཀྲེ་འཁར་རྒྱུག་འཛུགས་བཞིན་གྲོང་ཚོའི་ཞབས་ཞུའི་ལྟེ་གནས་སུ་ཡོང་སྟེ་ཏང་ཡོན་40ལྷག་ཙམ་དང་མཉམ་དུ་ཁྲེང་ཧྥང་གི་གསལ་འགྲེལ་ཉན་པ་རེད། “སྒྲོག་འགྲེལ་དེ་ལྟ་བུ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་མ་ཟད། མི་སེར་གྱི་སྐད་ཆའི་ཐོག་ནས་རྒྱལ་ཁབ་ཀྱི་དོན་ཆེན་གླེང་བ་དེ་གཞི་རིམ་ཏང་ཡོན་གྱི་སེམས་སུ་ཟུག་པ་དང་མང་ཚོགས་ཀྱི་རེ་བ་དང་མཐུན་པ”ཞིག་འདུག་ཅེས་ཁྲེན་ཧྥང་གི་གསལ་འགྲེལ་ལ་བསྔགས་བརྗོད་བྱེད་པ་དང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད།
         ཟླ་11པའི་ཟླ་འགོ་ནས་བཟུང་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་43གྱིས་ཁག་བགོས་ཁྱབ་ཁོངས་ཀྱི་ལས་དོན་དང་མིག་སྔའི་ལས་འགན་གལ་ཆེན་ཟུང་འབྲེལ་གྱིས་མི་སྒེར་གྱི་འབྲེལ་གཏུག་བྱ་ཡུལ་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། ཞིང་ཆེན་དེ་ཡོངས་ཀྱི་གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་དེ་ཚེས་21ཉིན་ནས་འགོ་ཚུགས་པ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་། སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྒྲིག་གཞི། མཐོ་སློབ་བཅས་ནས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བའི་འགོ་ཁྲིད་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་23ལས་གྲུབ་པའི་ཞིང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པའི་རིགས་གཅིག་མཁས་ཅན་གྱི་སྒྲོག་འགྲེལ་ཚོགས་ཆུང་བཙུགས་ནས་གཞི་རིམ་ལ“ཚལ་ཐོ་རྣམ་པའི”སྒྲོག་འགྲེལ་བྱས་པ་རེད། རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱིས་མང་ཚོགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ཉེ་འགྲམ་གྱི་མི་དཔེར་བཀོད་དེ་ཉེ་འགྲམ་གྱི་གནད་དོན་བརྗོད་པ་དང་འཚོ་བའི་གནས་ཚུལ་ཐོག་ནས་འཕེལ་རྒྱས་ཀྱི་གནས་ལུགས་བརྗོད་དེ་མང་ཚོགས་ཚོས་གསལ་པོ་གོ་ཐུབ་པ་དང་ཤེས་རྟོགས་ཐུབ་པ་བྱས་པ་རེད།
         ཚེས་17ཉིན་གྱི་ཕྱི་དྲོ་ཉི་འོད་རབ་ཏུ་འཕྲོ་བ་དང་ཀན་སུའུ་ཞིང་ཆེན་ཞིང་ལས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ལིའུ་ཧྥུང་ཀང་རྒྱུན་གཏན་བཞིན་སློབ་མའི་བྱེད་སྒོའི་ལྟེ་གནས་སུ་ཡོང་ཡོད། འོན་ཀྱང་ཁོང་ད་རེས་རང་སྦྱོང་བྱེད་པར་ཡོང་བ་ཞིག་མ་ཡིན་པར་ཀན་སུའུ་ཞིང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་གསོ་ཞིབ་འཇུག་པུའི་ཀྲུའུ་རེན་ཁང་མིང་སྒུག་པར་ཡོང་བ་ཞིག་རེད། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་སྒྲོག་འགྲེལ་ཉན་པའི་གོ་སྐབས་དང་བསྟུན་ནས་ཁང་མིང་ལ་སྐད་ཆ་འགའ་ཞིག་འདྲི་རྒྱུ་ཡོད་པ་རེད།
         ཟླ་11པའི་ཟླ་དཀྱིལ་ནས་བཟུང་ཀན་སུའུ་ཞིང་ཆེན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་ཧུར་ཐག་སྤེལ་ནས་འགོ་ཁྲིད་ལས་བྱེད་པ་14ཟུར་འཐེན་གྱིས་ཞིང་ཨུད་སྒྲོག་འགྲེལ་ཚོགས་པ་བཙུགས་པ་དེ་ཚོགས་ཆུང་14ལ་བགོས་ནས་ཞིང་ཆེན་དེ་ཡོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་ཏུ་སྒྲོག་འགྲེལ་བྱེད་པར་སྐྱོད་ཡོད། “སྒྲོག་འགྲེལ་ཡང་དག་དང་། གསོན་ཉམས་ལྡན་པ། གྲ་སྒྲིག་ཡག་པོ”བཅས་བྱེད་དགོས་པ་ནི་ཀན་སུའུ་ཞིང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ལེང་ཡན་ཧྲུན་གྱིས་ཞིང་ཨུད་སྒྲོག་འགྲེལ་ཚོགས་པར་བཏོན་པའི་བླང་བྱ་ཞིག་རེད། ལེང་ཡན་ཧྲུན་གྱིས་སྒྲོག་འགྲེལ་ཚོགས་པས་དགོངས་གཞིའི་ཕྱོགས་སྟོན་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་སྒྲོག་འགྲེལ་ཆ་ཚང་བ་དང་། ཡང་དག དབང་གྲགས་ལྡན་པ་བཅས་ཡོང་བ་བྱེད་པའི་རྨང་གཞིའི་ཐོག་སྒྲོག་འགྲེལ་གྱི་རྣམ་པ་གསར་གཏོད་དང་མང་ཚོགས་ཀྱི་དོ་འཁུར་ཐོབ་པ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུར་སྐུལ་མ་གཏོང་བའི་ཐུན་མོང་གི་ངོས་འཛིན་གྲུབ་པ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།