འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་སློབ་གཉེར་ཁ་གསབ་རོགས་དངུལ་གཞན་སྤྱོད་བྱས་རིགས་ཐག་གཅོད་
    ནན་པོ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུའི་ལྟ་སྐུལ་ཞིབ་བཤེར་ཅུས་ཀྱིས་ཉེ་ཆར་ས་གནས་ཁག་གིས་འབྲིང་རིམ་ལས་རིགས་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བའི་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་བེད་སྤྱོད་བྱེད་པའི་ཐད་སློབ་གྲྭ་ཁ་ཤས་ཀྱིས་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་འཐེན་ཉར་དང་། གཞན་སྤྱོད། རྫུན་སྒྲིག་བཅས་བྱས་པ་དང་། ས་གནས་ཁ་ཤས་ཀྱིས་སྒྲིག་འགལ་ངང་ཁ་གསབ་རོགས་དངུལ་བེད་སྤྱོད་བྱས་པའི་གནས་ཚུལ་ཐོན་ལུགས་བརྡ་ཁྱབ་བཏང་བ་མ་ཟད། སྒྲིག་འགལ་གྱི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཞིབ་བཤེར་ཁྲོད། ཁྱོན་འབྲིང་རིམ་ལས་རིགས་སློབ་གྲྭ་329ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་དེ་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་13.2དང་འབྲེལ་བ་ཡོད་ཅིང་། ཞིབ་བཤེར་བྱས་པ་བརྒྱུད། ཕུའུ་ཅན་དཔལ་འབྱོར་སློབ་གྲྭས་2015ལོར་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཁྲོད་ནས་མཉམ་ལས་སློབ་གཉེར་གྲོན་དངུལ་དང་། གཞུང་དོན་ལམ་གྲོན། ངལ་ལས་གླ་ཆ། དགེ་རྒན་གྱི་བྱ་དགའི་དངུལ། སློབ་སྤྱིའི་གཞུང་དོན་ཁང་གི་ལས་གྲྭའི་དངུལ་སོགས་བཏང་ནས་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་71.43གཞན་སྤྱོད་བྱས་པ་དང་། གཞན་ཡང་། སློབ་གྲྭ་དེས་ད་དུང་མ་དངུལ་གཤམ་སྤྲོད་མ་བྱས་གོང་། ལེགས་གྲུབ་བྱུང་བའི་རྣམ་གྲངས་སམ་ཡང་ན་བཏང་ཟིན་པའི་འགྲོ་སོང་རིགས་ཀྱང་ཆེད་དོན་མ་དངུལ་ནས་བཏང་སྟེ་མ་དངུལ་སྒོར་ཁྲི་271.06 རྫུན་འགོད་བྱས་པ་ཤེས་རྟོགས་བྱུང་བ་རེད།
         ཀོང་ཤིས་དངུལ་ཁང་སློབ་གྲྭས་2015ལོར་ཁག་གཉིས་པའི་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཁྲོད་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་ལྷན་སྦྱར་གྲོན་དངུལ་དང་། གཞུང་སྤྱོད་རླངས་འཁོར་ཉམས་གསོའི་གྲོན་དངུལ། ལས་ཀའི་གོ་མིང་གི་ཕྱི་རྒྱལ་སྐད་ཡིག་གི་རྒྱུགས་སྤྲོད་ལྟ་ཞིབ་གྲོན་དངུལ། ཆུ་རིན། ཟས་རིན། རྩིས་འཁོར་རྒྱུགས་སྤྲོད་ཀྱི་ངལ་ལས་གླ་ཆ། རྩལ་ནུས་འགྲན་བསྡུར་གྲོན་དངུལ་སོགས་སློབ་གྲྭའི་རྒྱུན་གཏན་གྱི་འགྲོ་གྲོན་ལ་བཏང་སྟེ། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་375.43གཞན་སྤྱོད་བྱས་པ་དང་། ཧྲའན་ཤིས་དངུལ་ཁང་སློབ་གྲྭས་2014ལོར་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་166.12ནང་མི་སྡོད་ཁུལ་གྱི་གཙང་སྦྲའི་གྲོན་དངུལ་དང་། ཉམས་གསོའི་གྲོན་དངུལ། ནང་མི་སྡོད་སའི་དྲོད་རླངས་མདོང་ལམ་ལས་གྲྭའི་གྲོན་དངུལ་སོགས་འབྲེལ་མེད་གཞན་སྤྱོད་བྱས་པ་དང་། 2015ལོར་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་27.4འཚོ་བའི་གད་སྙིགས་གཙང་བཟོའི་གྲོན་དངུལ་སོགས་ཀྱི་ཐད་གཞན་སྤྱོད་བྱས་པ། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་རྒྱུན་སྤྱོད་ལག་རྩལ་བཟོ་པའི་སློབ་གྲྭས་2016ལོའི་ལོ་འགོར་ནོར་སྲིད་ནས་སྤྲད་པའི་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་60རྩིས་ཁྲར་མ་བླུགས་པར་སློབ་གྲྭའི་གཞུང་དངུལ་སྤྲོད་ལེན་བྱེད་པའི་སྒེར་གྱི་རྩིས་ཐོའི་ནང་དུ་བླུགས་པ་རེད།
         ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་དབྱེ་ཞིབ་བྱས་པར་གཞིགས་ན། གོང་གསལ་གནད་དོན་དེ་རིགས་ཐོན་རྐྱེན་གཙོ་བོ་ནི་ས་གནས་སྡེ་ཚན་དང་སློབ་གྲྭ་ཁག་གཅིག་གི་ནོར་སྲིད་ཁྲིམས་སྲོལ་བརྩི་སྲུང་ཞུ་བའི་འདུ་ཤེས་ཞན་པ་དང་། མ་དངུལ་བེད་སྤྱོད་དོ་དམ་བྱེད་པའི་ཐད་ལྟ་སྐུལ་དོ་དམ་ལམ་སྲོལ་ནུས་ལྡན་མེད་པས་རེད། ནོར་སྲིད་པུས་སློབ་གསོ་པུའུ་དང་འབྲེལ་གཏུག་བྱས་ནས་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དག་བཅའ་ཁྲིམས་དང་གཏན་འབེབས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད། འབྲེལ་ཡོད་གཏན་འབེབས་ལྟར་ན། འཐེན་ཉར་དང་། གཞན་སྤྱོད། རྫུན་འགོད། སྒྲིག་འགལ་བཀོད་སྒྲིག་བཅས་བྱས་པའི་ཁ་གསབ་རོགས་དངུལ་བདའ་འདེད་གཏོང་རྒྱུ་མ་ཟད། ད་དུང་འབྲེལ་ཡོད་ས་ཁུལ་དང་སློབ་གྲྭ་ཁག་ལ་དག་ཐེར་ཡོ་བསྲང་བྱ་རྒྱུའི་བཀའ་ཡང་གཏོང་རྒྱུ་ཡིན་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།