འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འོད་སྣང་དང་རེ་བ་སྦྱིན་མཁན།

    —— ཨེ་ཅིབ་ཀྱི་བུད་མེད་ལོང་བའི་རོལ་དབྱངས་ཚོགས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁོང་ཚོ་ནི་མཐོང་ཤེད་ཉམས་པའི་མི་དང་ལོང་བ་ཡིན་ལ་ཁོང་ཚོས་ནུབ་ཕྱོགས་ཀྱི་གནའ་བོའི་རོལ་དབྱངས་དང་ཤར་ཕྱོགས་ཀྱི་རོལ་དབྱངས་དཀྲོལ་ནས་ཁོང་ཚོས་གླིང་ཆེན་ལྔར་སྐོར་བསྐྱོད་འཁྲབ་སྟོན་བྱེད་མྱོང་། ཁོང་ཚོ་ནི་ཚོགས་ཁང་ནང་གི་རོལ་དབྱངས་དཀྲོལ་མཁན་བུད་མེད་ལོང་བའི་ཚོགས་པ་ཞིག་ཡིན་ལ་འོད་སྣང་དང་རེ་བ་ཞེས་པའི་མིང་སྙན་པོ་ཞིག་ཐོགས་ཡོད་པ་རེད།
         ཉེ་ཆར་རོལ་དབྱངས་ཚོགས་པ་དེས་ཁེ་རོའི་གླུ་གར་ཁང་དུ་གཉེར་རྒྱུའི་འཁྲབ་སྟོན་མ་བྱས་གོང་གསར་འགོད་པས་གར་སྟེགས་རྒྱབ་ཏུ་སོང་ནས་སྤྲོ་སྣང་གི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ལ་འགྲན་སློང་བྱེད་མཁན་རོལ་མོར་དགའ་བའི་བུད་མེད་དེ་དག་ལ་བཅར་འདྲི་བྱས་པ་ཡིན།
         ད་ལོ་ལོ་31ལ་སླེབས་པའི་ཡ་ཤིས་ཡ་ནི་དབྱིན་ཡིག་དགེ་རྒན་ཞིག་ཡིན་པ་དང་རོལ་དབྱངས་ཚོགས་པར་ཨོག་ལེན་རོལ་ཆས་དཀྲོལ་གྱི་ཡོད། ཁོང་གིས་སྒྲ་གྲིམ་ལྷོད་ལྟ་ཞོར“ང་ལོ་12ལ་སླེབས་སྐབས་རོལ་དབྱངས་ཚོགས་པར་འཛུལ་བ་དང་སྐབས་དེར་བསམ་འདུན་གྲུབ་པ་ལྟར་གྱི་དགའ་སྣང་ཆེན་པོ་བྱུང”ཞེས་བརྗོད།
         “ང་ཚོས་ལོང་ཡིག་ལ་བརྟེན་ནས་དབྱངས་རྟགས་ཀློག་གི་ཡོད་ལ་འཁྲབ་སྟོན་མ་བྱས་གོང་དབྱངས་རྟགས་ཚང་མ་གསལ་པོར་ངེས་དགོས་ཀྱི་ཡོད། ང་ཚོས་མིག་གིས་མཐོང་མི་ཐུབ་པའི་རྐྱེན་གྱིས་འཁྲབ་སྟོན་བྱེད་སྐབས་བཀོད་འདོམས་བྱེད་མཁན་མེད། དབྱངས་རྟགས་ངོ་མ་དང་བཀོད་འདོམས་མེད་པའི་ཐོག་ནས་འཁྲབ་སྟོན་བྱེད་ཀྱི་ཡོད། དེ་ནི་དབང་པོ་ཚང་བའི་རོལ་མོ་མཁན་ཞིག་ལ་མཚོན་ནའང་བསྒྲུབ་དཀའ་བ་ཞིག་ཡིན”ཞེས་ཁོང་གིས་སྤོབས་པ་དང་བཅས་གསར་འགོད་པར་བཤད།
         ཡ་ཤིས་ཡས་ཨེ་ཅིབ་ཏུ་རོལ་དབྱངས་ཚོགས་པས་གནའ་བོའི་རོལ་དབྱངས་ཁྱབ་སྟོན་ཆེད་ལེགས་སྐྱེས་ཕུལ་བར་རང་ཉིད་སྤོབས་པ་སྐྱེ་ཡི་འདུག “ཨེ་ཅིབ་ཀྱི་མང་ཚོགས་གནའ་བོའི་རོལ་དབྱངས་ལ་རྒྱུས་མངའ་དེ་ཙམ་མེད་པས་ང་ཚོ་ནི་རྒྱལ་ནང་ལས་ཀྱང་རྒྱལ་ཕྱིར་སྐད་གྲགས་ཆེ་བ་ཡོད། ང་ཚོའི་འཁྲབ་སྟོན་ལ་བརྟེན་ནས་གནའ་བོའི་རོལ་དབྱངས་ཀྱི་ཡིད་འཕྲོག་པའི་ཆ་ཁྱབ་གདལ་གཏོང་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
         ད་ལོ་ལོ་30ལ་སླེབས་པའི་མུའུ་ཧོ་ཐའར་ནི་ཨ་རབ་སྐད་ཀྱི་དགེ་རྒན་ཞིག་ཡིན་པ་དང་རོལ་དབྱངས་ཚོགས་པའི་ནང་གླིང་བུ་ལྕེ་གཉིས་མ་དཀྲོལ་གཏོང་བྱེད་ཀྱི་ཡོད། ཁོང་གིས་མིག་ལོང་མེད་ཚེ་ང་ནི་ནམ་ཡང་གླིང་བུ་དཀྲོལ་མཁན་ཞིག་ཏུ་འགྱུར་མི་སྲིད་ལ་རོལ་དབྱངས་ཐད་ཀྱི་རང་ཉིད་ཀྱི་སྐྱེས་ཐོབ་ཤེས་རབ་ཀྱང་ནམ་ཡང་རྟོགས་མི་སྲིད་ཅེས་གསར་འགོད་པར་བཤད་བྱུང་།
         “རོལ་དབྱངས་ཚོགས་པའི་ནང་སྡོད་པའི་སྐབས། སྐབས་རེ་ངས་མིག་གི་ན་ཚ་བརྗེད་འགྲོ་བས་དེའི་ཐད་ངས་རང་ཉིད་ཀྱི་རོགས་པ་རྣམས་ལ་བཀའ་དྲིན་ཆེ་ཞུ་དགོས་ཡོད། ཁོང་ཚོས་ང་ལ་རང་གི་རེ་སྨོན་ལས་ལྷག་པ་ཞིག་བསྩལ་ཡོད”སྐད་ཆ་ཤོད་རེས་བྱེད་སྐབས་མུའུ་ཧོ་ཐའར་གྱིས་ལག་པ་གཅིག་གིས་མཐོང་ཤེད་ཞན་པའི་མ་འོངས་པའི་ཁྱོ་གར་འཐམས་ནས“ད་དུང་ངར་སེམས་ཁུར་བྱེད་མཁན་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན”ཞེས་འཛུམ་དམུལ་དམུལ་ངང་བཤད།
         རོལ་དབྱངས་ཚོགས་པ་ནི་སྤྱི་ཕན་རྩ་འཛུགས་འོད་སྣང་དང་རེ་བའི་མཐུན་ཚོགས་ཀྱི་ཁོངས་སུ་གཏོགས། མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རོལ་དབྱངས་ཚོགས་པའི་མི་སྣ་གཙོ་བོ་མཁྱེན་ལྡན་མ་ཨ་མའེ་ལེ·ཧྥེ་ཁེ་ལི་ལོ་ན་བགྲེས་ཀྱང་སྔར་བཞིན་སྙིང་སྟོབས་འཕེལ་བ་ཞིག་ཡོད། ཁོང་གིས་འདི་ནི་རོལ་མོ་ཚོགས་པས་ཁེ་རོ་གླུ་གར་ཁང་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་པ་ཞིག་མིན། ང་ཚོས་1972ལོར་འཁྲབ་སྟོན་ཐོག་མ་འདི་དེར་བྱས་པ་ཡིན་ཞེས་གསར་འགོད་པར་བཤད་བྱུང་།
         རོལ་དབྱངས་ཚོགས་པ་1988ལོར་རྒྱལ་ཁབ་ཕྱིར་ཐེངས་དང་པོ་བསྐྱོད་ནས་ཨོ་སི་ཁྲུ་རི་ཡར་འཁྲབ་སྟོན་བྱས་པ་ནས་ཕྱི་རྒྱལ་དུ་སྐད་གྲགས་ཆོད་པར་གྱུར། དེ་ནས་བཟུང་རོལ་དབྱངས་ཚོགས་པས་གླིང་ཆེན་ལྔའི་རྒྱལ་ཁབ་ཉི་ཤུ་རྩ་བཞིར་སྐོར་བསྐྱོད་འཁྲབ་སྟོན་བྱས་པ་ཡིན།
         “ངས་ད་དུང་ཡང་དྲན་པ་ཞིག་ནི་རོལ་དབྱངས་ཚོགས་པས་ཝི་ཨེན་ནར་འཁྲབ་སྟོན་བྱེད་སྐབས་བུ་མོ་ཚོའི་འཁྲབ་སྟོན་ཕུན་སུམ་ཚོགས་པོ་བྱུང་བས་ལྟད་མོ་བས་དགའ་བསུའི་ཐལ་མོ་བསྟུད་མར་བརྡེབས་པ་དང་། གཅིག་རྗེས་གཉིས་མཐུད་ངང་ཁོང་ཚོའི་རོལ་དབྱངས་ཀྱི་ལྷན་སྐྱེས་ཤེས་རབ་ལ་བསྔགས་བརྗོད་བྱས་ཡོད”ཅེས་ཡོ་རོབ་ཀྱི་རོལ་དབྱངས་གྲོང་ཁྱེར་ཟིལ་གྱིས་མནན་པའི་སྐོར་ལ་དྲན་གསོ་བྱེད་སྐབས་ཧྥེ་ཁེ་ལིས་ད་དུང་ཡང་སྤོབས་པའི་ཉམས་སྣང་མི་ཡལ་བར་དེ་ལྟར་བཤད།
         སྒྲིག་གཞི་ནན་པ་དང་བྱང་ཚད་མཐོ་བའི་རོལ་མོ་བ་མི་ཚང་བ་མེད་པའི་འོད་སྣང་དང་རེ་བའི་རོལ་དབྱངས་ཚོགས་པས་ལོ་བཅུ་ཕྲག་རེའི་མཚམས་སུ་ཚོགས་མི་གསར་པ་ཁག་རེ་བསྡུ་བཞིན་ཡོད། ཧྥེ་ཁེ་ལིས་རོལ་དབྱངས་ཚོཌ་པར་ད་དུང་མི་20ལྷག་ལས་གྲུབ་པའི་ན་གཞོན་རོལ་དབྱངས་ཚོགས་པ་ཡོད་པ་དང་གཞན་ཡང་རོལ་དབྱངས་ཚོགས་པའི་ཁོངས་གཏོགས་ཀྱི་རོལ་དབྱངས་སློབ་གྲྭར་ད་དུང་བུ་མོ་སློབ་མ་20ལྷག་ཡོད་པ་དེ་དག་གིས་སླད་ཕྱིན་འོད་སྣང་དང་རེ་བ་རོལ་དབྱངས་ཚོཌ་པའི་ཚོགས་མི་དངོས་ལ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         འཁྲབ་སྟོན་འགོ་ཚུགས་ལ་ཉེ་དུས། གསར་འགོད་པས་རོལ་དབྱངས་ཚོགས་པའི་བུ་མོ་རྣམས་གར་སྟེགས་རྒྱབ་ནས་གར་སྟེགས་སུ་འགྲོ་བར་མིག་གིས་སྐྱེལ་མ་བྱས། ཡུད་ཙམ་མ་སོང་བར་གར་སྟེགས་ཀྱི་གཤམ་ནས་ཐལ་མོའི་རྡེབ་སྒྲ་བསྟུད་མར་གྲགས་འོངས།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།