འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཁུལ་དབུལ་པོར་རོགས་རམ་བྱེད་པའི་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ལས་མ་འཇོག་ཐེབས་རྩ་བཙུགས་པ། 

    མ་དངུལ་སྒོར་དུང་ཕྱུར་1000གཏོང་རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ས་ཁུལ་དབུལ་པོར་རོགས་རམ་བྱེད་པའི་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ལས་མ་འཇོག་ཐེབས་རྩ་གོང་ཚེས་ཉིན་སྒོ་བྱང་བཀལ་ནས་བཙུགས་པ་དང་འབྲེལ། ཁག་དང་པོའི་མ་འཇོག་རྣམ་གྲངས་ཀྱི་གན་རྒྱ་བཞག་པ་དང་། རྒྱལ་ཁབ་མ་འཇོག་ཀུང་སི་དང་རྒྱལ་ཁབ་གློག་དྲ་སོགས་ཀྲུང་དབྱང་ཁེ་ལས་51ཁག་དང་པོའི་མ་འཇོག་ནང་ཞུགས་ཏེ་ཁག་དང་པོར་མ་དངུལ་སྒོར་དུང་ཕྱུར་122.03བསྡུ་རུབ་བྱས་པ་དེ་མ་འཇོག་དམིགས་སར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་སྟེ་རིམ་བཞིན་སྒོར་དུང་ཕྱུར་1000བར་ཟིན་རྒྱུའི་འཆར་གཞི་ཡོད་པ་རེད།
         ཐེབས་རྩ་དེ་ཀྲུང་དབྱང་ཁེ་ལས་ཀྱིས་མ་དངུལ་གཏོང་རྒྱུ་གཙོ་བོར་བྱེད་པ་དང་། ཁྲོམ་རའི་གཉེར་སྐྱོང་དང་བབ་བསྟུན་སྣ་མང་གི་མ་འཇོག་བྱེད་ཐབས་སྤྱད་ནས་ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ས་ཁུལ་དབུལ་པོའི་རང་བརྟེན་ནུས་པ་དང་ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་རེད། ཐེབས་རྩའི་མ་དངུལ་གཙོ་བོ་ས་ཁུལ་དབུལ་པོའི་ཐོན་ཁུངས་གསར་སྤེལ་དང་། ཐོན་ལས་གླིང་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཕེལ་རྒྱས་སོགས་ཀྱི་ཐད་སྤྱོད་རྒྱུ་མ་ཟད། ད་དུང་རྒན་གསོ་དང་། སྨན་བཅོས། བདེ་ཐང་སོགས་དམངས་འཚོའི་ཐོན་ལས་ལའང་འོས་འཚམ་གཏོང་རྒྱུ་རེད། ལས་ཞུགས་མི་གྲངས་མང་བ་དང་། སྣེ་ཁྲིད་ཀྱི་ནུས་པ་ཆེ་བ། དབུལ་སྒྲོལ་གྱི་ཕན་འབྲས་ལེགས་པ་བཅས་ཀྱི་རྣམ་གྲངས་ལ་སྔོན་ལ་བསམ་བློ་གཏོང་རྒྱུ་དང་། མི་འབོར་དབུལ་པོ་མང་བ་དང་དབུལ་པོ་ཐོན་མང་བའི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ། གྲངས་ཉུང་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་བཅས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་རེད།
         ཐེབས་རྩའི་མ་དངུལ་མུ་མཐུད་བཅོལ་བའི་དུས་ཡུན་ལོ་15ཡིན་པ་དང་། རྣམ་གྲངས་ཀྱི་མ་འཇོག་དུས་ཡུན་ལོ་5ནས་7བར་ཡིན། རྒྱལ་ཁབ་མ་འཇོག་གསར་གཏོད་ཐོན་ལས་ཐེབས་རྩ་དོ་དམ་ཚད་ཡོད་ཀུང་སིར་མངགས་བཅོལ་བྱས་ནས་གཉེར་སྐྱོང་དོ་དམ་གྱི་འགན་ཞིབ་ཕྲ་འཁུར་རྒྱུ་རེད། ཐེབས་རྩ་ཀུང་སིས་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཆའི་ནུས་ལྡན་གཉེར་སྐྱོང་ལ་གཞིགས་ཏེ་རྒྱུན་གཏན་གྱི་གཉེར་སྐྱོང་དེ་ཐེབས་རྩའི་དོ་དམ་ཀུང་སིས་སྒྲུབ་འགན་འཁུར་བ་ལས་ཆེད་འགན་འཁུར་བའི་དོ་དམ་ཚོགས་པ་འཛུགས་རྒྱུ་མིན། ཐེབས་རྩ་ཀུང་སིའི་མ་འཇོག་དང་མ་འཇོག་གྲུབ་པའི་རྐང་དབང་དེ་མཉམ་སྡེབ་ལམ་ལུགས་ཁེ་ལས་ཀྱི་དོ་དམ་ལ་གཞིར་བཟུང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།