འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པར་བར་སྣང་དུ་སྐྱོད་པའི་མྱོང་ཚོར་གླེང་བ།

    —— རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་འཇིག་རྟེན་འཕུར་སྐྱོད་པ་ གསུམ་གྱིས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པར་ཆ་སྐུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་བར་སྣང་དུ་འཕེན་གཏོང་བྱས་པ་ལས་ཅིང་ཧའེ་ཕུང་དང་ཁྲེན་ཏུང་གིས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པས་ད་བར་བར་སྣང་དུ་སྡོད་ཡུན་རིང་ཤོས་དང་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱང་སྐྱོད་གསར་པ་སླར་ཡང་འགོ་ཚུགས་ཤིང་། རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་འཇིག་རྟེན་འཕུར་སྐྱོད་པ་གསུམ་གྱིས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པར་ཆ་སྐུར་ནས་ཁོང་ཚོའི་བར་སྣང་དུ་སྐྱོད་སྐབས་ཀྱི་མྱོང་ཚོར་ལྷུག་པོར་གླེང་བ་དང་འབྲེལ་མཉམ་སྤྱོད་ཀྱང་བྱས་པ་རེད།
         —— ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་བསླབ་པ་རྒན་གྲས་ཤེའར་ཀའེ·ཁེ་ལི་ཁ་ལེའོ་ཕུའུ།
         ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་ཚོགས་པའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འཆར་བཀོད་ལག་བསྟར་ཀྲུའུ་རེན་ཤེའར་ཀའེ·ཁེ་ལི་ཁ་ལེའོ་ཕུའུ་ནི་འཇིག་རྟེན་འཕུར་སྐྱོད་པ་བསླབ་པ་རྒན་གྲས་ཤིག་ཡིན་པ་དང་། བར་སྣང་དུ་ཐེངས་6བསྐྱོད་མྱོང་བ་དང་བར་སྣང་དུ་རིམ་རྩིས་ངང་སྡོད་པའི་དུས་ཚོད་ཀྱིས་འཛམ་གླིང་གི་ཟིན་ཐོ་བཏོད་པ་དང་འབྲེལ"ཨུ་རུ་སུའི་དཔའ་བོའི"མཚན་སྙན་ཐོབ་པ་རེད།
         ཁེ་ལི་ཁ་ལེའོ་ཕུའུ་ཡིས་འཇིག་རྟེན་འཕུར་སྐྱོད་པའི་བར་སྣང་ཐོག་གི་མྱོང་ཚོར་ནི་སྔར་མེད་པ་ཞིག་རེད། བར་སྣང་གི་ཁོར་ཡུག་དང་འཕྲོད་པ་བྱེད་སྐབས་འཇིག་རྟེན་འཕུར་སྐྱོད་པས་རྙོག་འཛིང་ཆེ་བའི་གནད་དོན་འགའ་ཞིག་ཐག་གཅོད་བྱེད་དགོས་པ་དཔེར་ན། རླུང་འགྲོ་མེད་པའི་བར་ཁམས་དང་ལྗིད་ཚད་ཤོར་བའི་ཆ་རྐྱེན་འོག་འཚོ་བ་སྐྱེལ་དགོས། ཁོང་གིས་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་འགན་ཐེངས་མང་བསྒྲུབས་ཚེ་འཇིག་རྟེན་འཕུར་སྐྱོད་པའི་ཡིད་ཆེས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་འབྲེལ་དེ་མ་འཕྲོད་པའི་ཚོར་སྣང་རིམ་བཞིན་ཆུང་དུ་འགྲོ་སྲིད་ཅེས་བཤད།
         —— ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ཀྲུང་གོ་བའི་རྒྱུད་པ་ཅའོ་ལི་ཀྲུང་།
         ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ཀྲུང་གོ་བའི་རྒྱུད་པ་ཅའོ་ལི་ཀྲུང་གིས་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་ཀྲན་ཀྲང་གི་འགན་འཁུར་མྱོང་ཡོད། རྒྱལ་སྤྱིའི་བར་སྣང་ས་ཚིགས་ཐོག་ཉིན་གཅིག་གང་འདྲ་སྐྱེལ་གྱི་ཡོད་དམ་ཞེས་འདྲི་སྐབས། ཁོང་གིས་རྒྱུན་གཏན་གྱི་གནས་ཚུལ་འོག་ཉིན་ལྟར་(ས་ངོས་)ལས་འགན་ཚོད་འཛིན་ལྟེ་གནས་དང་དུས་ཐུང་གི་ཚོགས་འདུ་ཞིག་འཚོགས་ཏེ་གཙོ་བོ་དེ་ཉིན་གྱི་ལས་ཀའི་སྐོར་གླེང་མོལ་བྱེད་ཀྱི་ཡོད། དེ་རྗེས་འཇིག་རྟེན་འཕུར་སྐྱོད་པ་ཚང་མས་རང་ཉིད་ཀྱི་ཉིན་རེའི་ལས་རིམ་བཞིན་ལས་ཀ་བཀོད་སྒྲིག་བྱེད་པ་དེའི་ནང་ཚོད་ལྟ་བཀོལ་སྤྱོད་དང་། ཉམས་གསོ་སྲུང་སྐྱོང་ལས་འགན། ཁྱིམ་ལས་ཙག་ཙིག ལྟོ་ཆས་ཟ་བ། དུས་ཐུང་གི་ངལ་གསོ་རྒྱག་པ་དང་སྦྱོང་བརྡར་སོགས་ཚུད་ཡོད། ཉིན་རེ་མཇུག་སྒྲིལ་སྐབས་ད་དུང་ལས་འགན་ཚོད་འཛིན་ལྟེ་གནས་དང་སླར་ཡང་དུས་ཐུང་གི་ཚོགས་འདུ་ཐེངས་གཅིག་འཚོགས་ཀྱི་ཡོད་ཅེས་བཤད།
         ཁོང་གིས་ད་དུང་བར་སྣང་ས་ཚིགས་ཐོག་ཚོད་ལྟ་བྱེད་མང་ཤོས་ནི་སྐྱེ་དངོས་གསོ་རིག་ཚོད་ལྟ་བྱ་རྒྱུ་དེ་ཡིན་པའི་རྒྱུ་རྐྱེན་ནི་བར་སྣང་ཐོག་འཕུར་སྐྱོད་བྱེད་སྐབས་འཇིག་རྟེན་འཕུར་སྐྱོད་པར་ཤུགས་རྐྱེན་ངན་པ་གང་ཡོད་མིན་ཤེས་རྟོགས་བྱེད་པ་དང་འབྲེལ་དེ་མཚུངས་ཀྱི་བྱེད་ཐབས་བཟོས་ནས་འཇིག་རྟེན་འཕུར་སྐྱོད་པའི་བདེ་ཐང་འགན་ལེན་བྱ་རྒྱུ་ཡིན། དེ་འདྲ་བྱས་ཚེ་གཞི་ནས་དུས་ཚོད་དེ་བས་རིང་བ་དང་བར་ཐག་དེ་བས་རིང་བའི་ལས་འགན་སྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས།
         —— ཧྥ་རན་སེའི་འཇིག་རྟེན་འཕུར་སྐྱོད་པ་ཁེ་ལུའོ་ཏི·ཨའེ་ཉེའར།
         ཧྥ་རན་སེའི་འཇིག་རྟེན་འཕུར་སྐྱོད་པ་ཁེ་ལུའོ་ཏི·ཨའེ་ཉེའར་གྱིས་ད་ལྟ་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་ཅུས་ཀྲང་གི་བློ་འདྲི་བའི་འགན་ཁུར་བཞིན་ཡོད་པ་དང་། ཁོང་ནི་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཐོག་སྐྱོད་མཁན་ཡོ་རོབ་མནའ་འབྲེལ་གྱི་བུད་མེད་འཇིག་རྟེན་འཕུར་སྐྱོད་པ་དང་པོ་དེ་ཡིན། 2003ལོའི་ཟླ་10པར། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་དང་པོ་དབྱང་ལི་ཝུའེ་བསྡད་པའི་ལྷ་གྲུ་ཨང་ལྔ་པའི་མི་བཞུགས་འཕུར་གྲུའི་བར་སྣང་འཕུར་སྐྱོད་ལེགས་གྲུབ་ཟིན་ནས་ཡུན་རིང་མ་སོང་བར་ཨའེ་ཉེའར་གྱིས་ཁོང་དང་ཁ་པར་ཐོག་ནས་སྤེལ་རེས་བྱས་པས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པར་ཐད་ཀར་སྐད་ཆ་ཤོད་མཁན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་པ་རེད།
         ཨའེ་ཉེའར་གྱིས་ཚན་ཞིབ་ལས་འགན་ལྕི་པོ་ཡིན་པས་འཇིག་རྟེན་འཕུར་སྐྱོད་པས་ངེས་པར་དུ་ལས་ཀ་ཡུན་རིང་བྱེད་དགོས་ཀྱི་ཡོད་མོད། འོན་ཀྱང་དུས་ཚོད་ཕྲན་ཙམ་སྤྱད་དེ་བར་སྣང་དུ་སྐྱོད་པའི་ཉམས་ལེན་དང་མྱོང་ཚོར་གང་ལེགས་བྱེད་དགོས། ཁོང་གིས་སྒེའུ་ཁུང་ནང་ནས་སའི་གོ་ལ་དང་འཇིག་རྟེན་ཁམས་ལ་མང་ཙམ་བལྟས་པ་དང་འབྲེལ་སའི་གོ་ལར་ཕྱིར་ལོག་བྱས་རྗེས་གཞན་དང་ལོངས་སྤྱོད་བྱེད་དགོས། ལྷག་པར་དུ་ལོ་ན་ཆུང་བའི་ཕྲུ་གུ་ཚོ་དང་དེ་བས་མཉམ་སྤྱོད་བྱེད་དགོས། "ན་གཞོན་ཚོའི་དྲི་བར་ལན་འདེབས་པ་དང་ཁོང་ཚོ་དང་མཉམ་སྤྱོད་བྱས་ཏེ་ཁོང་ཚོའི་བློ་སྒོ་ཕྱེ་བ་དང་ཚན་རིག་དང་ལག་རྩལ་ཐད་ཀྱི་ཁོང་ཚོའི་དགའ་སྣང་འཕེལ་བ་བྱ་རྒྱུ་དེ་འཇིག་རྟེན་འཕུར་སྐྱོད་པ་ཚང་མས་བྱེད་དགོས་པ་ཞིག་རེད"ཅེས་ཨའེ་ཉེའར་གྱིས་བཤད།
         རང་ཉིད་ཀྱི་བར་སྣང་དུ་ཐེངས་གཉིས་སྐྱོད་པའི་མྱོང་ཚོར་དྲན་གསོ་བྱེད་སྐབས་གསོ་རིག་གི་རིགས་གཅིག་མཁས་ཅན་ཡིན་པའི་ཨའེ་ཉེའར་གྱིས་གསར་འགོད་པར་ཁོང་ལ་བག་ཆགས་ཟབ་ཤོས་བྱུང་བ་ནི་ལྗིད་ཚད་ཤོར་བའི་གནས་བབ་འོག་རང་ཉིད་ཀྱི་གཟུགས་པོ་དང་ཡན་ལག་འགུལ་སྐྱོད་བྱེད་པའི་འགྱུར་བ་ཚོར་ཐུབ་པ་དེ་ཡིན། "ལྗིད་ཚད་ཆུང་བའི་ཁོར་ཡུག་འོག་མཁར་གཡེང་སྐབས་ང་ཚོར་རང་ཉིད་ལ་གཟུགས་ཕུང་གསར་རྐྱང་ཞིག་ཡོད་པའི་ཚོར་སྣང་སྐྱེ་སྲིད"ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།