འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་གྲུས་འཁོར་ལམ་ལ་ཚོད་འཛིན་ཐོག་མ་བྱས་པ་ལམ་ལྷོངས་བྱུང་བ། 

    འཇིག་རྟེན་འཕུར་སྐྱོད་པར་ལུས་པོ་མི་འཕྲོད་པའི་གནས་ཚུལ་གང་ཡང་བྱུང་མེད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་གནས་ཚུལ་སྤེལ་བར། ཟླ་10ཚེས་17ཉིན་གྱི་ཉིན་དགུང་ཆུ་ཚོད་12དང་སྐར་མ་56གི་ཐོག ལྟེ་གནས་ཚན་རྩལ་མི་སྣའི་གནད་འཁེལ་ཚོད་འཛིན་འོག་ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་གྲུས་གྲུབ་འབྲས་ཐོབ་པའི་ངང་རྒྱང་རིང་ནས་སྣེ་ཁྲིད་ཚོད་འཛིན་ཐོག་མ་བྱས་ཏེ་སའི་ཉེ་གནས་མཐོ་རུ་ཕྱིན་ཡོད། མིག་སྔར་ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་གྲུའི་ལས་ཀའི་སྣང་ཚུལ་རྒྱུན་གཏན་དང་འཇིག་རྟེན་འཕུར་སྐྱོད་པར་ལུས་པོ་མི་འཕྲོད་པའི་གནས་ཚུལ་གང་ཡང་བྱུང་མེད་པ་རེད།
         ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་གྲུ་ཟླ་10ཚེས་17ཉིན་གྱི་ཆུ་ཚོད་7དང་སྐར་མ་30ཡི་ཐོག་འཕེན་གཏོང་བྱས་ཤིང་། བདེ་བླག་ངང་འཁོར་ལམ་དུ་བསྐྱོད་རྗེས་ཚོད་འཛིན་དབང་ཆ་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་ལྟའི་ལྟེ་གནས་སུ་སྤྲོད་རྒྱུ་དང་། འཕུར་གྲུ་འཁོར་ལམ་དུ་འཕུར་སྐྱོད་བྱེད་རིང་ལྟེ་གནས་ཚན་རྩལ་མི་སྣས་འཕུར་གྲུར་གནད་འཁེལ་གྱི་ཚོད་འཛིན་དང་ཞིབ་ནན་གྱི་ལྟ་ཞིབ་བྱེད་དགོས་ཀྱི་ཡོད།
         པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་བཟོ་བཀོད་པ་གཞོན་པ་སུན་ཅུན་གྱིས་འཕུར་གྲུས་ལེ་དབར་ཁྲིའི་སུམ་རྩེན་ཨང་གཉིས་པ་རྗེས་སྙེག་ཐུབ་ཆེད་ལྟེ་གནས་ཀྱིས་འཕུར་གྲུར་རྒྱང་རིང་ནས་སྣེ་ཁྲིད་ཚོད་འཛིན་ཐེངས་ལྔ་བྱེད་དགོས་ཤིང་། དང་ཐོག་ལྟེ་གནས་ཀྱིས་འཕུར་གྲུའི་སའི་ཉེ་གནས་ཀྱི་མཐོ་ཚད་མཐོ་རུ་བཏང་རྗེས་འཁོར་ལམ་ལ་བཟོ་བཅོས་རྒྱག་དགོས་པ་དང་། དེ་ནས་སའི་ཉེ་གནས་ཀྱི་མཐོ་ཚད་སླར་ཡང་མཐོ་རུ་གཏོང་དགོས་པ། མཇུག་ཏུ་འཁོར་ལམ་སྒོར་ཅན་དང་འདུས་གྲུབ་བཟོ་བཅོས་རྒྱག་དགོས། རྒྱང་རིང་ནས་སྣེ་ཁྲིད་ཚོད་འཛིན་ཐེངས་ལྔ་བྱས་རྗེས་འཕུར་གྲུ་སུམ་རྩེན་ཨང་གཉིས་པའི་རྒྱབ་ངོས་ཀྱི་གཤམ་གྱི་སྤྱི་ལེ་52ཡས་མས་ཀྱི་གནས་སུ་འབྱོར་ཏེ་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་གཉིས་དབར་མཁའ་ལམ་དང་མཁའ་ལམ་གྱི་འཕྲིན་གཏོང་མ་ལག་བཙུགས་ནས་རང་རྟེན་ཚོད་འཛིན་དུས་མཚམས་སུ་བསྒྱུར་རྒྱུ་ཡིན་པ་རེད།
         དེ་གོང་གི་ཐེངས་འགའི་སྣོལ་འདུ་སྦྲེལ་མཐུད་ལས་འགན་དང་མི་འདྲ་བར་ད་ཐེངས་ཀྱི་འཁོར་ལམ་སྣོལ་འདུ་སྦྲེལ་མཐུད་དང་འཁོར་ལམ་དུ་ཕྱིར་ལོག་པའི་མཐོ་ཚད་དེ་དེ་སྔ་ལས་སྤྱི་ལེ་50ཡིས་མཐོ་རུ་ཕྱིན་ནས་བར་སྣང་ས་ཚིགས་དུས་མཚམས་ཀྱི་སྣོལ་འདུ་སྦྲེལ་མཐུད་དང་མི་བཞུགས་འཕུར་གྲུའི་ཕྱིར་ལོག་ལག་རྩལ་ལ་དཔྱད་ཞིབ་དང་ཞིབ་བཤེར་ར་འཕྲོད་ཐོག་མ་བྱ་རྒྱུ་མ་ཟད། ད་དུང་འཇིག་རྟེན་འཕུར་སྐྱོད་པའི་དུས་དཀྱིལ་གྱི་བཅའ་སྡོད་ཐུབ་ནུས་དཔྱད་ཞིབ་ཀྱང་ཐོག་མར་བྱ་རྒྱུ་ཡིན་པ་རེད། དེར་བརྟེན་ལྟེ་གནས་ཚན་རྩལ་མི་སྣས་འཕུར་གྲུའི་ཚོད་འཛིན་ཐབས་ཇུས་ལེགས་སྒྲིག་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།