འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་དང་པོ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན། ཧྲེན་ཀྲེན་གྱིས་བསྐྲུན་རོགས་བྱས་པའི་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་ལྷ་སར་བསྐྲུན་འགོ་ཚུགས་པ་དང་དེའི་ཐོག་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཕུལ་བྱུང་ནུས་ལྡན་ངང་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་ངེས་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་རྣམ་གྲངས་ནི་ཧྲེན་ཀྲེན་གྲོང་ཁྱེར་གྱིས་རིན་མེད་ངང་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལ་རོགས་སྐྱོར་བྱས་པའི་རྣམ་གྲངས་དང་པོ་ཡིན་པ་དང་། ཧྲེན་ཀྲེན་གྲོང་ཁྱེར་སྲིད་གཞུང་གིས་ཝན་ཁོ་ཁེ་ལས་མ་རྐང་ཚད་ཡོད་ཀུང་སིར་མངགས་བཅོལ་བྱས་ནས་བསྐྲུན་འགན་ཁུར་བ་ཞིག་རེད། རྟེན་རྫས་བཤམས་མཛོད་ཁང་བསྐྲུན་རྗེས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ལ་རྩིས་སྤྲད་ནས་དོ་དམ་བྱེད་དུ་འཇུག་རྒྱུ་རེད་ལ་སྔོན་དཔག་ལྟར་ན་2018ལོར་བསྐྲུན་ཟིན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྒོ་མོ་དབྱེ་རྒྱུ་ཡིན་པ་རེད།
         རྟེན་རྫས་བཤམས་མཛོད་ཁང་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་མཆོག་གླིང་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ལས་གཏོད་གླིང་ཁུལ་དུ་གནས་པ་དང་། “ཁང་གཅིག་གླིང་གཅིག”གི་བསམ་བཀོད་ལྟར་ཇུས་འགོད་བྱས་ཡོད། འཆར་འགོད་གཞིར་བཟུང་རྟེན་རྫས་བཤམས་མཛོད་ཁང་གི་རྒྱ་ཁྱོན་ལ་མུའུ་60དང་བཟོ་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་6000ཙམ་ཡོད་ལ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྣ་ཚོགས་བསྡུ་རུབ་བྱ་རྒྱུ་མ་ཟད། ཐང་ག་དང་ལྷ་མོའི་རྒྱན་གོས་སོགས་མཚོན་བྱེད་རང་བཞིན་གྱི་དངོས་པོ་ལེགས་འདེམས་བྱས་ནས་དེའི་ནང་གཤམ་རྒྱུ་རེད།
         ལས་འགོ་རྩོམ་པའི་མཛད་སྒོའི་ཐོག་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་སྒོར་སྒོར་གྱིས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྟེན་རྫས་བཤམས་མཛོད་ཁང་བསྐྲུན་རྒྱུ་དེ་སྣ་ཁ་ཚང་བའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།