འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་མུའུ་ཁྲིའི་བོད་ཇའི་རྟེན་གཞི་ནས་ལོ་གསུམ་ནང་ཁུལ་དེའི་འབྲོག་པར་འབབ་འཕར་
    ལྡབ་གཅིག་ལྷག་ཙམ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “2013ལོའི་གོང་དེ་གའི་ཞིང་འབྲོག་པར་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2000ལྷག་ཙམ་ལས་མེད་པ་དང་། མི་ཐབས་ལ་བརྟེན་ནས་བོད་ཇ་བཏབ་རྗེས་ལོ་རེར་ཁོང་ཚོར་ཆ་སྙོམས་ཡོང་འབབ་སྒོར་5190མང་དུ་སོང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཀྲོའུ་པད་མ་རྫོང་ཡར་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དབང་པོ་སྐལ་འབུམ་གྱིས་ཉིན་ཤས་གོང་གསར་འགོད་པར་བཤད།
         མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་སྨར་ཆུའི་རོང་ཁུལ་ནས་ཐོན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3200ནས་3600བར་སྐྱེས་པའི་པད་མའི་བོད་ཇ་དེ་ཇ་ནག་ཁོངས་སུ་གཏོགས་པ་དང་དེའི་ནང་པུན་ཧྥུན་འདུས་ཚད་མཐོ་བས་ཁྲག་ཤེད་མཐོ་བ་དང་། ཁྲག་མངར་མཐོ་བ། ཁྲག་ཚིལ་མཐོ་བ་བཅས“མཐོ་བ་གསུམ”གཅོག་ཁར་སྐྲན་ནད་འགོག་པ་དང་། སྙིང་ཁམས་ཁྲག་རྩའི་ནད་འགོག་པ། ཕྱོགས་བསྡུས་རིམས་འགོག་ནུས་པ་མཐོ་རུ་གཏོང་བ་བཅས་ཀྱི་ནུས་པ་ཡང་ལྡན་ཡོད།
         དབང་པོ་སྐལ་འབུམ་གྱིས་བོད་ཇ་འདེབས་འཛུགས་རྟེན་གཞིར་མཛུབ་མོ་བཙུགས་ནས་གསར་འགོད་པར་དེ་ནི་ང་ཚོའི་ཤང་གི་རི་གདོང་གྲོང་ཚོའི་མུའུ་200ལྷག་ཙམ་ཟིན་པའི་བོད་ཇ་འདེབས་འཛུགས་རྟེན་གཞི་ཡིན་པ་དང་འདི་ལོ་ནི་བོད་ཇ་བཏབ་པའི་ལོ་གསུམ་པ་དེ་ཡིན། ལོ་གཉིས་སོང་རྗེས་འཐུ་ཆོག ཐོན་ཚད་དམའ་ཤོས་ཐོག་ནས་རྩིས་བརྒྱབ་ཚེ། ཇ་ཤིང་སྡོང་པོ་གཅིག་གི་སྟེང་ནས་ཇ་ལོ་རྒྱ་མ་0.1ནས་0.2བར་ཐོན་པ་དང་། མུའུ་གཅིག་ནས་ཇ་ལོ་རྒྱ་མ་5ཐོན་གྱི་ཡོད། ང་ཚོའི་འདི་ལོའི་ཉོ་སྒྲུབ་རིན་གོང་ནི་རྒྱ་མ་རེར་སྒོར་100ཡིན་པ་དང་ལོ་རེར་ཐེངས་གསུམ་འཐུ་ཆོག མདོར་བསྡུས་ནས་བརྗོད་ན། རྟེན་གཞི་དེ་ནས་གྲོང་མི་དུད་ཚང་རེར་ཉུང་མཐར་ཡང་འབབ་འཕར་སྒོར་200ཡོང་གི་ཡོད་ཅེས་བཤད།
         “ལོ་གཉིས་འཕེལ་རྒྱས་བཏང་བ་བརྒྱུད་ང་ཚོའི་བོད་ཇ་དེ་དེ་སྔའི་རགས་ལས་རྣམ་པའི་སྔོག་འཐུ་དང་ལས་སྣོན་རགས་ཙམ་ནས་ལས་སྣོན་ཞིབ་ཕྲ་ཅན་དང་ཐུམ་སྒྲིལ་བྲིན་ཚོང་བར་དང་ད་ཆ་ཚོད་ལྟ་བྱེད་བཞིན་པའི་ཇ་བག་ཆུང་ལས་སྣོན་བར་འཕེལ་རྒྱས་ཕྱིན་ཏེ་མིག་སྔར། བོད་ཇ་སྔོག་འཐུ་དང་། ལས་སྣོན། བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་ཚགས་ཚུད་པའི་མ་ལག་ཅིག་ཏུ་གྱུར་པ་མ་ཟད། ད་དུང་ལས་ཞུགས་ཀྱི་ལས་གནས་མང་པོ་མཁོ་འདོན་ཡང་བྱས་པས་པད་མ་རྫོང་གི་དབུལ་སྐྱོར་ལས་དོན་ལ་ལམ་བུ་གསར་པ་ཞིག་བཏོད་ཡོད། སྔོན་དཔག་བྱས་ན་2020ལོར་སླེབས་སྐབས་ང་ཚོས་མུའུ་ཁྲི་5ཟིན་པའི་བོད་ཇ་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུ་རེད་ཅེས”མགོ་ལོག་ཀྲོའུ་པད་མ་རྫོང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀརྨ་སྐྱིད་ཀྱིས་དེ་ལྟར་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།