འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དབུལ་སྐྱོར་གསར་སྤེལ་འགག་སྒྲོལ་ལས་དོན་དུས་མཚམས་གསར་པར་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 08:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འོད་ཟེར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་རྒྱལ་ཡོངས་དབུལ་སྐྱོར་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་པེ་ཅིང་གྲོང་ཁྱེར་དང་། ཧྲང་ཧའེ་གྲོང་ཁྱེར། ཀོང་ཏུང་གྲོང་ཁྱེར་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅུ་ལྷག་ཙམ་གྱི་འཐུས་མི་ཚོས་དབུལ་སྐྱོར་བོད་སྐྱོར་གྱི་ཉམས་མྱོང་དང་བྱེད་ཐབས་སྤེལ་རེས་བྱས་པ་མ་ཟད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྐྱོར་བོད་སྐྱོར་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་འབྲེལ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་རོགས་སྐྱོར་བྱ་ཡུལ་ཚན་པ་དང་དབུལ་སྐྱོར་བོད་སྐྱོར་གྱི་གྲོས་མཐུན་བཞག་པར་བརྟེན་བོད་ཀྱི་དབུལ་སྐྱོར་གསར་སྤེལ་འགག་སྒྲོལ་ལས་དོན་དུས་མཚམས་གསར་པར་དངོས་སུ་སླེབས་པ་རེད།
         ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག་བོད་ཀྱི་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་ཀྲུང་དབྱང་ཁེ་ལས་བཅས་ཀྱི་རོགས་རམ་འོག་ཁྱད་ལྡན་སྤུས་ལེགས་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་། རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་260ལྷག་ཙམ་བཏང་ཡོད་པ་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། 2015ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25457ཟིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་ནས་ལོ་མང་རིང་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། དབུལ་པོའི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་ན་ནིང་དབུལ་པོའི་མི་འབོར་5.1%ཆག་ནས་རྒྱལ་ཡོངས་ཀྱི་ཆག་ཚད་ལས་བརྒྱ་ཆའི་གྲངས་3.6ཡིས་མཐོ་བ་ཡོད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། འོན་ཀྱང་རང་བྱུང་ཆ་རྐྱེན་སོགས་རྒྱུ་རྐྱེན་མང་པོའི་ཚོད་འཛིན་ཕོག་པའི་དབང་གིས་བོད་ཀྱི་དབུལ་སྐྱོར་ལས་དོན་ས་ཁུལ་གཞན་དང་བསྡུར་ན་སྔར་བཞིན་རྗེས་སུ་ལུས་ཡོད་པ་དང་མ་འོངས་པར་དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་སྔར་བཞིན་ལྕི་པོ་ཡོད་ལ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་59ད་དུང་དབུལ་སྒྲོལ་ཐུབ་མེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཡིས་བོད་ཀྱི་དབུལ་སྐྱོར་ལས་དོན་ལ་བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་ཡོད་པ་སྟེ། ས་ཆ་ལ་ལས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྱོང་ནན་ཏན་ངང་ཟུང་འབྲེལ་བྱས་པ་དང་། ལ་ལས་སྡོད་ཁང་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་ཐོན་ལས་འཕེལ་རྒྱས་དང་མཉམ་དུ་སྐུལ་འདེད་བཏང་བའི་ཐོག་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་གནས་སྤོས་ཞིང་འབྲོག་པ་རྒྱུན་མཐུད་བརྟན་ལྷིང་ངང་དབུལ་སྒྲོལ་ཐུབ་པ་བྱས་པ་དང་། བོད་སྐྱོར་དབུལ་སྒྲོལ་གྱི་མ་དངུལ་དང་སྤྱི་ཚོགས་དབུལ་སྐྱོར་གྱི་མ་དངུལ། ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སོགས་གང་ལེགས་སྤྱོད་ཐུབ་པ་བྱུང་ནས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་དང་སྐུལ་མ་ཏན་ཏིག་ཐེབས་ཡོད། མ་འོངས་པར་བོད་སྐྱོར་དབུལ་སྐྱོར་ལས་དོན་དེ་ལས་བྱེད་པའི་བོད་སྐྱོར་དང་། ཤེས་ལྡན་པའི་བོད་སྐྱོར། མ་དངུལ་གྱི་བོད་སྐྱོར། ཐོན་ལས་མཉམ་ལས་སོགས་ཀྱི་ཐད་འབད་འཐབ་ལྷོད་མེད་བྱས་ཏེ་མང་ཚོགས་དབུལ་པོ་ཕྱུག་པོ་ཆགས་རྒྱུར་རོགས་རམ་བྱེད་པ་དང་ས་ཁུལ་དབུལ་པོའི་རང་སྟོབས་རང་སྤེལ་གྱི་ནུས་པ་ཆེ་རུ་བཏང་བ་དང་2020ལོར་སླེབས་སྐབས་བོད་ཀྱི་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།