མི་དམངས་དྲ་བ།

༄༅།།ཀྲུང་དབྱང་དངུལ་ཁང་གིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་
དངུལ་རྒྱུན་འཁོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཁྲེན་ཡུས་ལུའུ་ཡིས་ཚེས་21ཉིན་འཚོགས་པའི་ཀྲུང་གོའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དངོས་མང་སྟོན་ཚོགས་ཀྱི་དར་གོས་ལམ་བུའི་དངུལ་རྩའི་གླེང་སྟེགས་སྐབས་ལྔ་པའི་ཐོག་ད་ཕན་ལོ་ཤས་རིང་། ཀྲུང་གོ་མི་དམངས་དངུལ་ཁང་སོགས་དངུལ་རྩའི་དོ་དམ་སྡེ་ཚན་གྱིས་དངུལ་རྩའི་སྒྲིག་གཞི་ཁག“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་འབྲེལ་མཐུད་བྱེད་པར་སྣེ་ཁྲིད་ཧུར་ཐག་བྱས་ཏེ་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་ས་ཁོངས་དངུལ་རྩའི་མཉམ་ལས་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་རྒྱུན་འཁོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡོད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱིས་རྒྱལ་མཚམས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་དངོས་ཡོད་བསྡུ་གཏོང་སྒོར་དུང་ཕྱུར་8600བྱས་ཡོད་ཅེས་བཤད། མིག་སྔའི་བར། མི་དམངས་དངུལ་ཁང་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་21གི་ཀྲུང་དབྱང་དངུལ་ཁང་དབར་ཕྱོགས་གཉིས་ཀྱི་ཤོག་སྒོར་བརྗེ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་སྤྱིའི་གཞི་ཁྱོན་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར་ཁྲི་1.4རེད། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་6ལ་མི་དམངས་ཤོག་སྒོར་ཚད་ལོན་རྒྱལ་མཚམས་ཕྱིའི་སྒྲིག་གཞིའི་མ་འཇོག་མཁན(RQFII)གྱི་གྲངས་འབོར་སྒོར་དུང་ཕྱུར་3300ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་5རུ་མི་དམངས་ཤོག་སྒོར་ཞིབ་རྩིས་ལས་རིགས་བཙུགས་ཡོད། མི་དམངས་ཤོག་སྒོར་དང་ཐེ་ལན་སྒོར་མོ། དང་མི་དམངས་ཤོག་སྒོར་དང་ཧ་སག་སི་ཐན་དངུལ་ལོར་གྱི་དངུལ་ཁང་དབར་གྱི་ཁྲོམ་རའི་ས་ཁོངས་དངུལ་ལོར་ཉོ་ཚོང་བཏོན་ནས་ཁྲོམ་རའི་བྱེད་པོའི་ཉོ་ཚོང་མ་གནས་ཆུང་དུ་བཏང་ཡོད།
         ཁྲེན་ཡུས་ལུའུ་ཡིས་མིག་སྔ་དང་དེ་བཞིན་སླད་ཕྱིན་དུས་སྐབས་ཤིག་རིང་། ས་ཁོངས་དངུལ་རྩའི་མཉམ་ལས་ཟབ་ཏུ་གཏོང་བར་དུས་འབྲིང་དང་ཡུན་རིང་གི་མ་དངུལ་འདྲེན་རྒྱུར་སྣང་ཆེན་བྱས་ཏེ་སྲིད་ཇུས་རང་བཞིན་གྱི་དངུལ་རྩ་དང་། གསར་སྤེལ་རང་བཞིན་གྱི་དངུལ་རྩ། ཚོང་ལས་རང་བཞིན་གྱི་དངུལ་རྩ་བཅས་ལ་བགོས་ཡོད་ལ། ཕན་ཚུན་མཉམ་ལས་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད། ཀྲུང་གོའི་གྲོས་འགོའི་འོག་ལྗང་མདོག་དངུལ་རྩ་འདི་ལོ་G20གྱི་གྲོས་རིམ་ནང་ཐོག་མར་བཅུག་པ་དང་འབྲེལ། G20གྱི་ལྗང་མདོག་དངུལ་རྩའི་ཕྱོགས་བསྡུས་སྙན་ཞུ་ཆགས་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། སྐབས་འདིའི་དར་གོས་ལམ་བུའི་དངུལ་རྩའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ས་ཁོངས་དངུལ་རྩའི་མཉམ་ལས་ཟབ་ཏུ་བཏང་ནས་ལྗང་མདོག་དར་གོས་ལམ་བུ་ཐུན་མོང་ཐོག་སྐྲུན”ཞེས་པ་དེ་རེད། གྲོས་བསྡུར་བྱ་གཞི་ནི་དངུལ་རྩས་རྒྱལ་མཚམས་སྒྲོལ་བའི་རང་མོས་ཉོ་ཚོང་ཁུལ་སྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་དངུལ་རྩས་ལྗང་མདོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་སྐྲུན་རྒྱུར་སྐུལ་འདེད་གཏོང་བ། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལམ་རྒྱུད་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། ས་ཁོངས་ནང་གི་དངུལ་རྩའི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ས་ཁོངས་དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་བཅས་རེད།