འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཏུང་རིགས་མི་དམངས་ཀྱིས་གླུ་དབྱངས་གསར་པ་ལེན།

    འདི་ག་ཚགས་པར་གྱི་གསར་འགོད་པ། སུའུ་ཡིང་ཁྲེང་གིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཐུང་ཏའོ་ཡི་ཏུང་རིགས་རང་སྐྱོང་རྫོང་ལ་སྐྱོད་སྐབས། དམར་དམག་སྐྱེལ་མ་དང་པོ་རི་གཤམ་བར་དུ་ཞུས། འབྲས་ལྡན་སྟོན་གྱི་དུས་སུ་སྦྲང་ཆར་ཟིལ་མ་འབབ། དགའ་ཉེ་སྤུན་ལས་ལྷག་པའི་དྲིན་ཆེན་དམར་དམག་ལ། ནམ་ཞིག་སླར་ཡང་འདི་རུ་ཕེབས་རྒྱུ་ཡིན་ཞེས་འདྲི། ཞེས་པའི་སྙན་འཇེབས་ལྡན་པའི་གླུ་སྒྲ་ཞིག་རྒྱང་ནས་གྲགས་འོང་།
         དེ་ནི་ཏུང་རིགས་མི་དམངས་ཀྱིས་སེམས་ནས་བླངས་པའི་གཞས་ཤིག་རེད། དེ་སྔ་དམར་དམག་ལ་སྐྱེལ་མ་ཞུ་སྐབས་གླུ་འདི་བླངས་པ་དང་ད་ཆ་མགྲོན་པོར་བསུ་སྐྱེལ་བྱེད་སྐབས་ཀྱང་གླུ་འདི་ལེན་པར་བརྟེན། ཚང་མར་སྙིང་ཉེ་བའི་ཚོར་སྣང་ཞིག་སྦྱིན་གྱི་ཡོད།
         དམར་དམག་འདི་ནས་བྲལ་ཡང་། ཁོང་ཚོའི་རྒྱང་སྐྱོད་སྙིང་སྟོབས་ཀྱིས་ཏུང་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ལ་ཡར་ལངས་དང་། བཅིངས་འགྲོལ། འཕེལ་རྒྱས་བཅས་ཀྱི་རེ་བའི་ས་བོན་ཞིག་བཏབ་ཡོད།
         1934ལོའི་ཟླ་12པར་ཀྲུང་དབྱང་གིས་དམར་དམག་རྒྱང་སྐྱོད་བྱས་ནས་ཧུའུ་ནན་གྱི་ལྷོ་ནུབ་མཚམས་ཀྱི་ཧོའེ་ཧྭ་གྲོང་ཁྱེར་ཐུང་ཏའོ་རྫོང་ལ་སླེབས་ཏེ། བྱང་གི་ཤང་ཤིས་ལ་བསྐྱོད་ནས་དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པ་དང་མཉམ་འཛོམས་བྱ་རྒྱུའི་ཐོག་མའི་འཐབ་ཇུས་བསྒྱུར་ནས་དགྲ་བོའི་སྟོབས་ཤུགས་ཞན་པའི་ཀུའེ་ཀྲོའུ་ལ་དཔུང་སྐྱོད་བྱས་སྟབས། མི་ཚོས“ཐུང་ཏའོ་དམག་སྒྱུར”ཞེས་འབོད། ཐུང་ཏའོ་དམག་སྒྱུར་བྱས་པ་དེས་དམར་དམག་བསྐྱབས་པ་མ་ཟད། ཀྲུང་གོའི་གསར་བརྗེ་དཀའ་བའི་གནས་ལས་བསྒྲལ།
         “ད་ཆ་ལོ་རྒྱུས་དེར་སླར་ཡང་དྲན་གསོ་བྱས་ནས་ཐུང་ཏའོ་དམག་སྒྱུར་གྱི་ཚོགས་འདུའི་དགོངས་དོན་སྔོག་འདོན་དང་རྒྱུན་འཛིན་བྱེད་སྐབས། སྔོན་བྱོན་རྒན་རབས་ཚོའི་འགྱུར་མེད་ཀྱི་གསར་བརྗེའི་དད་སེམས་དང་བླ་ན་མེད་པའི་ཕུགས་བསམ་དོན་གཉེར་བྱེད་སེམས་ཚོར་ཐུབ་ལ། དྲང་ནུས་དང་བསམ་བློའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ས་གནས་ཀྱི་དཔལ་འབྱོར་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་སྦྱིན་པའང་ཚོར་བྱུང”ཞེས་རྫོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཡུས་དབྱིང་གིས་བཤད།
         དེ་སྔོན་ཐུང་ཏའོ་ནི་གསར་བརྗེའི་ལས་འགུལ་སྤེལ་ཡུལ་གཙོ་བོ་ཞིག་ཡིན་ལ། ད་ཆ་ལས་གཏོད་བྱ་ཡུལ་གསར་པ་ཞིག་དེ་བས་ཀྱང་རེད། ཁོང་ཚོས་ཐོན་ལས་ཕྱོགས་སྒྱུར་ལ་དམིགས་ཏེ་ཏུང་རིགས་རང་སྐྱོང་རྫོང་གི་ཡངས་པའི་ས་གཞི་ཆེན་མོར་རྗེས་སུ་ཐོན་ཡང་མདུན་དུ་སླེབས་པའི་གླུ་དབྱངས་ཤིག་བརྩམས་ཡོད།
         ཐུང་ཏའོ་ཡིས་གསར་བརྗེའི་ཐོན་ཁུངས་དང་། སྔོ་ལྗང་སྣོད་བཅུད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཡུལ་གོམས་གཤིས་ལུགས་བཅས་ལ་བརྟེན་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། དམངས་སྲོལ་རིག་གནས་གྲོང་སྡེ། གསར་བརྗེའི་ལམ་ཐིག་མྱོང་ཚོར། ཐོན་ལས་འདེགས་སྐྱོར་ལ་སྐུལ་ཁྲིད་བྱེད་པའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཆགས་ཡོད།
         ཐུང་ཏའོ་ཡི་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད། རྫོང་དེས《ཐུང་ཏའོ་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》བཏོན་པ་མ་ཟད། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་མཚམས་སུ་མ་དངུལ་སྒོར་དུང་ཕྱུར་1.44བཏང་ནས་ཐུང་ཏའོ་དམག་སྒྱུར་གྲོས་ཚོགས་ཀྱི་དྲན་གསོའི་དམར་དམག་རགས་དང་། དམར་དམག་ཁྲོམ་གཞུང་། དམར་དམག་ཟམ་པ། དམར་དམག་ཡུལ་སྐོར་སྣེ་ལེན་ལྟེ་གནས་སོགས་གསར་བརྗེའི་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། སྒོར་དུང་ཕྱུར་15.995བཏང་སྟེ་སྐྱེར་བའི་སྣོད་བཅུད་བཟོ་ལས་གླིང་དང་། ཞིང་ཆེན་གསུམ་མདོའི་རི་ལྡེབས་ཀྱི་རླུང་ཤུགས་གློག་ཁང་། དབན་ཧྥུའུ་རི་བོའིA4རིམ་པའི་མཛེས་ལྗོངས་ཁུལ་སོགས་སྣོད་བཅུད་ཐོན་ལས་རྣམ་གྲངས་13འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས་སྣོད་བཅུད་ཐོན་ལས་འཕེལ་རྒྱས་དང་ཡུལ་སྐོར་བྱ་བར་གསོན་ཤུགས་ཆེན་པོ་རྒྱས་ཡོད།
         ཉེ་ཆར་རྫོང་དེས་གཞི་ཁྱོན་ལྡན་པའི་སྣོད་བཅུད་ཐོན་ལས་26འཕེལ་རྒྱས་བཏང་བར་ལོ་རེའི་ཐོན་ཚད་བསྡོམས་འབོར་སྒོར་དུང་ཕྱུར་28.21ཟིན་པ་དང་། ལྷག་པར་གསར་བརྗེའི་ཡུལ་སྐོར་ལས་རིགས་དེ་རྫོང་དེའི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་ལ་གྱུར་ནས་རྒྱལ་ཁབ་ཀྱི“ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ”གཏོད་པའི་རྫོང་ལ་བདམས། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་ཕྱི་ནས་སླེབས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་184ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9.75བྱུང་སྟེ་དུས་མཚུངས་ལས་29.6%དང་32.2%འཕར་ཡོད།
         2015ལོར་ཐུང་ཏའོ་རྫོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་སྤྱི་ཡོངས་ཀྱི་ཚད་གཞི་80.2%ཟིན་ཏེ་2014ལོའི་73.1%ལས་བརྒྱ་ཆའི་གྲངས་7.1འཕར་བ་དང་ཕྱོགས་ཡོངས་འབྱོར་འབྲིང་གི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་རིགས་གསུམ་པའི་རྫོང་གི་མདུན་གྲལ་གྱི་ཨང་10ལ་སླེབས་ཏེ་ཞིང་ཆེན་རིམ་པའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལས་ཀའི“དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་པའི་རྫོང”དང་གྲོང་ཁྱེར་རིམ་པའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལས་ཀར་སྐུལ་མ་གཏོང་མགྱོགས་པའི་རྫོང་ལ་བདམས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།