འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཇི་ལྟར་སྐྱོད་པའི་ཐད་ཀྱི་གསང་བ་བཀྲོལ་བ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། དབྱང་ཏིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོའི་ཐོག་སྐྱོད་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་དེས“ངར་ལྕགས་ཀྱི་རྔ་མོང་རུ་ཁག”ཅིག་དང་འདྲ་བར་གནའ་བོའི་དར་གོས་ལམ་བུའི་ཐོག་དུས་རབས་ཀྱི་ངོ་མཚར་གསར་པ་བཏོད་ཡོད། 2011ལོ་ནས་བཟུང་ཀྲུང་གོ་ནས་ཡོ་རོབ་བར་གཏོང་བའི་དུས་གཏན་མེ་འཁོར་རིམ་རྩིས་ལྟར་ན་2000ལས་བརྒལ་ཡོད་པ་དང་གཞི་འཛིན་ས་དེའི་དུས་ཚོད་མཚོ་ཐོག་སྐྱེལ་འདྲེན་གྱི་བཞི་ཆ་གཅིག་དང་མཚུངས་པ་དང་རིན་གོང་མཁའ་ཐོག་སྐྱེལ་འདྲེན་གྱི་ལྔ་ཆ་གཅིག་དང་མཚུངས་པའི་ལེགས་ཆར་གཞིགས་ནས། རང་རྒྱལ་གྱིས་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་དུ་འགྱུར་བཞིན་ཡོད་པ་མ་ཟད“རྒྱུད་གཅིག་ལམ་གཅིག”ཀྱི་དུས་འགོར་ཐོབ་པའི་གྲུབ་འབྲས་ཀྱི་གྲས་ཤིག་ཏུའང་གྱུར་ཡོད།
          ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཉེ་དུས་ཁྲེང་ཏུའུ་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི“ཁྲེང་ཏུའུ་ནས་ཕོ་ལན་ལུའོ་ཙེ་བར་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ལམ་ཐིག”ཐོག་སྐྱོད་མཁན་སྨྱན་སྦྱོར་ཚོགས་པ་དང་མཉམ་དུ་ཧ་སག་སི་ཐན་དང་། ཨུ་རུ་སུ། ཕོ་ལན་སོགས་ལམ་རྒྱུད་རྒྱལ་ཁབ་ཏུ་བཅར་འདྲི་བྱེད་པར་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་དེ་ལོ་འགའི་ནང་དལ་བ་ནས་མགྱོགས་པའི་བར་དང་། ཉུང་བ་ནས་མང་བའི་བར། ཁ་ཐོར་ནས་གཅིག་སྡུད་བར་བཅས་ཀྱི་བྱ་འཕུར་བ་ལྟར་གྱི་འགྱུར་ལྡོག་བྱུང་བ་ཚོར་ཐུབ་བྱུང་།
          རྒྱལ་ཁབ་མང་པོ་གཅིག་རྗེས་གཅིག་མཐུད་བྱས་པས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་མྱུར་ཚད་མགྱོགས་སུ་འགྲོ་ཐུབ་པ་བྱུང་བ།
          གལ་སྲིད་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་དེ་གཅིག་རྗེས་གཅིག་མཐུད་ངང་བསྐྱོད་པར་བརྩིས་ན་ལྕགས་ལམ་བརྗེ་བ་དང་དངོས་ཟོག་གི་འགག་སྒོ་སྒྲོལ་ཐུབ་པ་བྱ་རྒྱུ་དེའང་མཐུད་རྒྱུག་ཅིག་དང་འདྲ་བར་འགག་རྩ་ཞིག་རེད། ཉེ་བའི་ལོ་ཤས་ནང་ཀྲུང་གོ་ནས་་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ལས་དོན་ཁྲོད་ཞུགས་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཁེ་ལས་ཀྱིས“མཐུད་རྒྱུག”གི་ལྷུ་ཚིགས་ལ་ཤུགས་སྣོན་བརྒྱབ་པས་སྐྱེལ་འདྲེན་གྱི་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་འགྲོ་ཐུབ་པ་བྱུང་ཡོད།
          རང་རྒྱལ་དང་ཡོ་རོབ་ཀྱི་རྒྱལ་ཁབ་མང་ཆེ་བའི་ལྕགས་ལམ་གྱི་ནང་ངོས་བར་ཐག་ཧའོ་སྨི་1435ཡོད་པ་དང་དེ་སྔའི་སུའུ་ལན་རྒྱལ་ཁབ་ཀྱི་ལྕགས་ལམ་གྱི་བར་ཐག་ཧའོ་སྨི་1520ཡོད་པས་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་དང་ཐོག་རང་རྒྱལ་ནས་ཐོན་ཏེ་ཡོ་རོབ་མནའ་འབྲེལ་དུ་སྐྱོད་སྐབས་ལྕགས་ལམ་བརྗེ་དགོས་ཀྱི་ཡོད། མི་རྣམས་ཧང་སངས་དགོས་པ་ཞིག་ནི་དུས་གཏན་མེ་འཁོར་སྐྱོད་ཐེངས་གཅིག་གི་དོས་སྒམ་41ལ་ལྗིད་ཚད་ཏུན་600ཙམ་ཡོད་པ་ཚང་མ་དཔྱང་འདེགས་ལྷུ་སྒྲིག་དང་ལྕགས་ལམ་བརྗེ་བར་དུས་ཐུང་སྐར་མ་40ལས་དགོས་ཀྱི་མེད།
          ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྱི་དུས་གཏན་མེ་འཁོར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧྥན་ཅུན་གྱིས་གསར་འགོད་པར་ཁྲེང་ཏུའུ་ནས་ཕོ་ལན་གྱི་ལུའོ་ཙེ་བར་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་2013ལོའི་གཏོང་འགོ་ཚུགས་པའི་ཉིན་14ཙམ་འགོར་བ་ནས་མིག་སྔའི་ཉིན་10.5བར་དུས་ཚོད་ཐུང་དུ་ཕྱིན་པ་མ་ཟད་ཉིན་10ལ་སླེབས་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད་ཅེས་བཤད།
         ཧྥན་ཅུན་གྱིས་ཁྲེང་ཏུའུ་ནས་ཕོ་ལན་གྱི་ལུའོ་ཙེ་བར་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ནི་རྒྱལ་ཡོངས་སུ་མིག་སྔར་འཁོར་སྐྱོད་དུས་ཚོད་ཐུང་ཤོས་ཀྱི་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཞིག་ཡིན་པ་དང་འདི་ལོ་ཁྲེང་ཏུའུ་ནས་ཕོ་ལན་གྱི་ལུའོ་ཙེ་བར་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་400གཏོང་རྒྱུ་ཡིན་པ་དང་དུས་སང་མེ་འཁོར་1000ཟིན་པ་བྱ་རྩིས་ཡོད་པས་ཁྲེང་ཏུའུ་ནས་ཡོ་རོབ་ཀྱི་ཕྱོགས་སུ་སྐྱོད་མཁན་དུས་གཏན་མེ་འཁོར་ཉིན་ལྟར་བཏང་ཐུབ་ནས་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་དང་ཡོ་རོབ་དབར་གྱི་བར་ཐག་ཐུང་དུ་ཤུགས་ཆེན་འགྲོ་རྒྱུ་རེད་ཅེས་བཤད།
         འདྲ་མཉམ་གཉིས་ཕན་གྱིས་ཕྱོགས་ཚང་མའི་སྤྲོ་སེམས་འཕེལ་བ་བྱས་པ།
         བསྡོམས་རྩིས་ལས་མངོན་པར། ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་1ནས་500བར་མང་དུ་ཕྱིན་པར་དུས་ཡུན་ལོ་4འགོར་བ་དང་། མེ་འཁོར་501ནས་1000བར་མང་དུ་ཕྱིན་པར་དུས་ཡུན་ཟླ་བ་7འགོར་བ། མེ་འཁོར་1001ནས་1500བར་མང་དུ་ཕྱིན་པར་དུས་ཡུན་ཟླ་བ་5ལས་མི་འགོར་བ། མེ་འཁོར་1501ནས་2000བར་མང་དུ་ཕྱིན་པར་དུས་ཡུན་ཟླ་བ་3ཁོ་ན་ལས་འགོར་མེད། དུས་གཏན་མེ་འཁོར་གྱི་གྲངས་ཚད་མང་དུ་ཤུགས་ཆེན་ཕྱིན་པ་དེས་ཀྲུང་གོ་དང་ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྔར་བས་སྲ་བརྟན་དུ་ཕྱིན་པ་མ་ཟད་དེའི་ནང་ཞུགས་མཁན་ཕྱོགས་ཁག་གི་ཧུར་སེམས་ཀྱང་སྐོང་འཐེན་ཐུབ་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ཐད་ཀྱི་འདྲ་མཉམ་དང་གཉིས་ཕན་གྱི་ཁྱད་ཆོས་གང་ལེགས་མངོན་ཡོད།
         ཀྲུང་གོའི་གྲོང་ཁྱེར་11དང་དུས་གཏན་མེ་འཁོར་གྱི་མཉམ་ལས་བྱེད་བཞིན་པའི་ཧ་སག་སི་ཐན་རྒྱལ་ཁབ་ལྕགས་ལམ་ཀུང་སིས་ཉེ་དུས་ཨ་ལ་ལ་ཁ་དང་ཧོའར་ཀོ་སི་འགག་སྒོ་ཆེན་པོ་གཉིས་སུ་མ་འཇོག་བྱ་ཤུགས་ཆེ་རུ་བཏང་བ་མ་ཟད། ཧོའར་ཀོ་སི་དང་ཨ་སི་ཐ་ན་དང་ཆི་མུའུ་ཁེ་ཐེ་རུ་དོས་སྐྱེལ་མཛོད་ཀྱི་ལྟེ་གནས་བཙུགས་ནས་མེ་འཁོར་ཤར་སྐྱོད་དང་དངོས་ཟོག་བརྒྱུད་སྐྱེལ་བྱ་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པ་བྱས་ཡོད།
         སྤུས་རྟགས་གཅིག་གྱུར་བཟོས་པས་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་སོང་བ།
         མིག་སྔར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་16ལ་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་ལམ་ཐིག་39ཟིན་ཡོད། འདི་ལོའི་ཟླ་6པ་ནས་བཟུང་ཀྲུང་གོའི་ས་གནས་ཁག་གི་ཡོ་རོབ་ཏུ་སྐྱོད་པའི་དུས་གཏན་མེ་འཁོར་གྱི་སྤུས་རྟགས་དང་མཚོན་རྟགས་གཅིག་གྱུར་བཟོས་པ་དེ་ཐོག་ནས་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོ་སྒྲོལ་བའི་སྐྱེལ་འདྲེན་མ་ལག་དེ་བས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་ཐུབ་པ་བྱུང་བ་མཚོན་ཐུབ།
         ཀྲུང་གོ་འགྲིམ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཟམ་པའི་ཟོག་འདྲེན་ཡན་ལག་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཝུའུ་ཅིང་ཡུས་ཀྱིས་སྤུས་རྟགས་གཅིག་གྱུར་བཟོས་རྗེས“རང་སྒེར་ཁོ་ནའི་ཁེ་ཕན་དོན་གཉེར་བྱེད་པ་ལས་མཉམ་སྡེབ་ཀྱི་ཁེ་ཕན་ལ་མི་བལྟོས་པའི”ད་ལྟའི་རྣམ་པར་ལེགས་བཅོས་ཐུབ་ནས་རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་པ་བརྒྱུད་ཁྲོམ་ར་ཅན་གྱི་བྱ་ཐབས་ལ་བརྟེན་ནས་མིག་སྔའི་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་རབ་དང་རིམ་པ་འཚོལ་ཞིབ་དང་ཐག་གཅོད་ཐུབ་ནས་མཐར་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་སྤུས་རྟགས་སྟོབས་ཆེར་གཏོང་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས།
         ཝོར་སོ་གྲོང་ཁྱེར་གྱི་ཕྱི་རོལ་དུ་གནས་པའི་GDཀྲུང་གོའི་ཚོང་གྲོང་ནི་ཡོ་རོབ་ཏུ་ཡོད་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ཀྲུང་གོའི་སྤུས་རྟགས་བསྡུ་འགྲེམས་ལྟེ་གནས་ཡིན་པ་དང་ཀྲུང་གོའི་ཚོང་དུད་500ལྷག་ཙམ་དུས་ཡུན་རིང་པོ་དེ་གར་ནང་འདྲེན་ཉོ་ཚོང་བྱེད་བཞིན་ཡོད་པ་དང་ཟོག་འདྲེན་ཐད་གཙོ་བོ་གོང་ཁེ་བའི་མཚོ་ཐོག་སྐྱེལ་འདྲེན་ལ་བརྟེན་གྱི་ཡོད།
         GDཀྲུང་གོའི་ཚོང་གྲོང་གི་སྤྱི་ཁྱབ་ཅིང་ལི་ཧན་པའོ་ཧྭ་ཡིས་ཀྲུང་གོའི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་སླར་ཡང་ཤོང་ཚད་ཆེ་རུ་ཕྱིན་པ་མ་ཟད་ནུབ་རྒྱུད་དུ་ཐོག་མར་བཙུགས་པ་བརྒྱུད་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་ཕོ་ལན་དང་ཀྲུང་གོའི་ཉོ་ཚོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་གཏོང་ཐུབ་རེ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།