འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ནུབ་ཀྱི་དགེ་རྒན་པ་ཐུའུ་མོང་ཁེས་སློབ་མ་སྔར་བས་མང་བ་རྒྱུན་འཛིན་པར་
    འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གཟའ་འཁོར་རེའི་རེས་གཟའ་ཕུར་བུའི་ཕྱི་དྲོའི་ཚོགས་ཐེངས་གསུམ་པ་དང་བཞི་པ་ནི་གཏེར་ལེན་ཁ་མི་རིགས་སློབ་གྲྭའི་དགའ་སྣང་འཛིན་གྲྭའི་དུས་ཚོད་རེད། ཅོང་བརྡ་གྲགས་མ་ཐག་སློབ་མ་རྣམས་སོ་སོའི་སློབ་ཁང་དུ་བསྐྱོད་ཅིང་། སོག་པོའི་མིག་མངས་སློབ་ཁང་ནི་འཁྲུག་ཆ་དོད་ཤོས་ཡིན་པ་དང་མིག་མངས་ཀྱི་མདུན་དུ་མི་གཉིས་ཁ་སྤྲོད་དུ་བསྡད་ནས་འགྲན་འགོ་ཚུགས་ཡོད།
         ལོ་ན་48ཡིན་པའི་པ་ཐུའུ་མོང་ཁེས་ཁང་པ་དེའི་ནང་སློབ་མ་རྣམས་ལ་མིག་མངས་བསླབས་ནས་ལོ་3ཙམ་འདས། རྫས་འགྱུར་དགེ་རྒན་ཡིན་པའི་ཁོང་གིས་སོག་པོའི་མིག་མངས་ཀྱི་སློབ་ཚན་འཁྲིད་པ་དེ་ནི་འགན་གཅིག་ལྕོགས་འཁུར་བ་ཞིག་རེད། པ་ཐུའུ་མོང་ཁེས་སོག་པོའི་མིག་མངས་ནི་སློབ་ཆེན་སྐབས་རང་སྦྱོང་བྱས་པ་ཡིན། དུས་རབས་གོང་མའི་ལོ་རབས་90པར་སློབ་གྲྭ་ཐོན་རྗེས་སློབ་གྲྭ་འདིར་ཡོང་བ་ཡིན། རང་ཉིད་ཀྱི་དགའ་ཕྱོགས་ད་ཆ་གོ་ཆོད་པར་གྱུར་པ་སེམས་ལ་འཁོར་མྱོང་མེད་ཅེས་གསར་འགོད་པར་བཤད།
         “ངའི་ས་ནས་མིག་མངས་སྦྱོང་མཁན་ནི་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་སློབ་མ་ཡིན་ཞིང་། སོག་པོའི་མིག་མངས་ལ་སློབ་གྲྭའི་ནང་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། སྦྱོང་མཁན་མང་ཤོས་ཀྱི་སྐབས་སློབ་དུས་གཅིག་ལ་མི་20ལྷག་མིག་མངས་དགའ་སྣང་འཛིན་གྲྭར་ཞུགས་ཀྱི་ཡོད”ཅེས་པ་ཐུའུ་མོང་ཁེས་བརྗོད་ཅིང་། ཁོང་གིས་ལོ་བདུན་བརྒྱད་ཀྱི་གོང་དུ་སློབ་གྲྭར་སོག་པོའི་མིག་མངས་སློབ་ཚན་བཙུགས་པ་དང་། ཐོག་མར་ཕྱི་ནས་དགེ་རྒན་གདན་དྲངས་ནའང་རྗེས་སུ་ང་རང་གིས་བྱས་པ་ཡིན་ཞེས་བཤད།
         པ་ཐུའུ་མོང་ཁེས་ངོ་སྤྲོད་བྱས་པར་གཞིགས་ན། སོག་པོའི་མིག་མངས་དང་རྒྱལ་སྤྱིའི་མིག་མངས་ཐད་རྡེའུ་ཡི་མིང་དང་རོལ་རྩེད་ཀྱི་སྒྲིག་སྲོལ་ཐད་ཁྱད་པར་ངེས་ཅན་ཡོད། དཔེར་ན་འབོད་སྟངས་ཀྱི་ཐད་རྒྱལ་སྤྱིའི་མིག་མངས་ནང་གི“རྒྱལ་མོ”ཞེས་པ་དེ་སོག་པོའི་མིག་མངས་ནང“སྟག”ཡིན་པ་དང་། “གླང་ཆེན”ནི“རྔ་མོང”དང་“དམག་མི”ལ“ཁྱི”ཞེས་པ་ལྟ་བུ་རེད། རྩེ་རིམ་ཐད་དང་པོ་ནི“རྒྱལ་པོ”དང“སྟག”གི་སྔོན་གྱི“ཁྱི”གང་རུང་གོམ་པ་གཉིས་འགྲོ་ཆོག་པ་དང་། ཕ་རོལ་པོས་དེ་མཚུངས་ངང་སྐྱོད་དགོས། དེས་རྩེ་མཁན་ཕྱོགས་གཉིས་ཀྱིས“ཐོག་མར་ངོ་འཕྲད་འཚམས་འདྲི”བྱས་པའི་དོན་མཚོན་གྱི་ཡོད།
         “སོག་པོའི་མིག་མངས་ལ་རང་ཉིད་ཀྱི་ཁྱད་ཆོས་ཡོད། རང་མི་རིགས་ཀྱི་རིག་གནས་ཀྱི་བསྟན་དོན་བསྡུ་ལེན་བྱས་ཡོད་པས། རྩྭ་ཐང་གི་སྐྱས་སྤོའི་འཚོ་བའང་མཚོན་འདུག”ད་ཆ་བགྲེས་སོང་ཁག་གཅིག་མ་གཏོགས་སོག་པོའི་མིག་མངས་སོག་པོའི་ན་གཞོན་གྱིས་མང་པོ་རྩེ་ཤེས་ཀྱི་མེད་པས། སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་འདི་རྒྱུན་ཆད་ལ་ཉེ་བའི་དཀའ་ངལ་ཕྲད་ཡོད། དགའ་འོས་པ་ཞིག་ལ་དགའ་སྣང་འཛིན་གྲྭ་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྔར་བས་མང་པོས་སོག་པོའི་མིག་མངས་རྩེ་ཤེས་པར་བརྟེན་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐད་རེ་བ་ཡོད་པར་གྱུར་ཞེས་པ་ཐུའུ་མོང་ཁེས་བཤད་བྱུང་།
         དམའ་རིམ་སློབ་འབྲིང་གི་ལོ་རིམ་གཉིས་པ་ཡིན་པའི་པད་མ་རྡོ་རྗེ་ནི་དགའ་སྣང་འཛིན་གྲྭའི་ནང་མིག་མངས་རྩེ་མཁན་རྩེ་གྲས་ཡིན་པ་དང་ད་ལོའི་ཟླ་5པའི་ཟླ་མཇུག་ཏུ་མཚོ་ནུབ་ཀྲོའུ་ཡི་སྐབས་དང་པོའི་གཞོན་ནུ་ལོ་ཆུང་གི“མིག་མངས་གསུམ”གྱི་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་ཐོབ་ཡོད། གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧའེ་གྲོང་རྡལ་ཐའོ་ཧ་གྲོང་ཚོ་ནས་ཡིན་པའི་ཁོ་ནི་སློབ་ཆུང་ལོ་རིམ་གསུམ་པ་ནས་སོག་པོའི་མིག་མངས་སྦྱོང་འགོ་ཚུགས་ཡོད། “ང་ཚོའི་གྲོང་ཚོར་སྔོན་ཆད་ཀྱང་འགྲན་བསྡུར་བྱས་མྱོང་། དངོས་གནས་ཆོབ་ཚ་པོ་འདུག མིག་མངས་སྦྱངས་ནས་བློ་གྲོས་འཕེལ་བ་དང་གཤིས་རྒྱུད་ལ་སྦྱོང་བརྡར་ཡང་ཐུབ་ཀྱི་ཡོད”ཅེས་བརྗོད་བྱུང་།
          “སློབ་མ་སྔར་བས་མང་པོ་སོག་པོའི་མིག་མངས་ཀྱི་རྒྱུན་འཛིན་པར་འགྱུར་བར་བྱ་རྒྱུ་ནི་ང་སོག་པོའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་འགན་འཁྲི་རེད”ཅེས་པ་ཐུའུ་མོང་ཁེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།