འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་ཕྱོགས་ཀྱིས་ལྷོ་རྒྱ་མཚོའི་གནད་དོན་ཐད་དུས་ཀྱི་འཁོར་ཕྱོགས་གང་ཡིན་པ་ད་དུང་
    གསལ་པོ་མཐོང་མེད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ལྷོ་རྒྱ་མཚོའི་གནད་དོན་ཐད་རི་པིན་ཕྱོགས་ཀྱིས་དུས་ཀྱི་འཁོར་ཕྱོགས་གང་ཡིན་པ་ད་དུང་གསལ་པོ་མཐོང་མེད་ཅེས་གསུངས།
         གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས་ན། རི་པིན་གྱི་འགོག་སྲུང་བློན་ཆེན་ཏའོ་ཐེན་ཕུང་མའེ་ཉེ་ཆར་ཨ་རིར་འཚམས་འདྲིར་སྐྱོད་སྐབས་ཨ་རིའི་མཚོ་དམག་གིས་སྤེལ་བའི“མཚོ་འགྲུལ་རང་དབང་བྱ་སྤྱོད་”ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད། རི་པིན་ཕྱོགས་ཀྱིས་མཚོ་ཐོག་གི་རང་སྲུང་རུ་ཁག་དང་ཨ་རིའི་དམག་དཔུང་གིས་མཉམ་འབྲེལ་མཚོ་འགྲུལ་སྦྱོང་བརྡར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ལྷོ་རྒྱ་མཚོའི་གནད་དོན་ལ་སྔར་བས་ཐེ་ཇུས་བྱ་རྒྱུ་རེད། དེའི་ཐད་ཀྲུང་གོ་ཕྱོགས་ལ་ལན་སློག་རྒྱུ་གང་ཡོད་དམ་ཞེས་དྲིས།
         “སྐབས་ཤིག་རིང་གི་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་རི་པིན་གྱི་མཚོན་ཚུལ་སྐོར་ལ་ངས་ཟླ་7ཚེས་28ཉིན་གསར་འགོད་པའི་འདྲི་བར་ལན་རྒྱག་སྐབས། རི་པིན་གྱིས་མི་རྣམས་ལ‘ཡིད་ཐང་རྦད་དེ་ཆད་ནས་ག་བྱེད་འདི་བྱེད་མེད་པར་གྱུར་པ་’ཡི་བག་ཆགས་ཤིག་བཞག་ཡོད་ཅེས་བཤད་པ་ཡིན།” ལུའུ་ཁང་གིས་གོང་གསལ་གནས་ཚུལ་ལས་རི་པིན་ཕྱོགས་ཀྱིས་དུས་ཀྱི་འཁོར་ཕྱོགས་གང་ཡིན་པ་ད་དུང་གསལ་པོ་མཐོང་མེད་པའམ་ཡང་ན་མཐོང་འདོད་མི་བྱེད་པ་གསལ་བཤད་ཐུབ་ཀྱི་ཡོད་ཅེས་བཤད།
         སྐབས་ཤིག་རིང་གི་ལྷོ་རྒྱ་མཚོའི་གནད་དོན་དེ་རང་གི་འཕེལ་རྒྱས་ལ་ཕྱིར་ལྟ་བྱེད་བཞིན་ལུའུ་ཁང་གིས་ལྷོ་རྒྱ་མཚོར་མ་གཞི་བྱས་ན་གནད་དོན་གང་ཡང་མེད། ཡིན་ནའང་ཁོངས་གཏོགས་ཕྱིའི་རྒྱལ་ཁབ་རེ་གཉིས་ཀྱི་དཀྲུག་ཤིང་འོག་དོ་དམ་ཚོད་འཛིན་ཐུབ་པའི་འགལ་བ་འགའ་ཞིག་འབུར་དུ་ཐོན་ཡོད་ཅེས་བཤད། “དོན་མེད་རྙོག་དྲ་མང་པོ་ཞིག་བཟོས་པ་བརྒྱུད་ས་ཁུལ་དེ་གའི་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་རྩ་བའི་ཁེ་ཕན་གང་དུ་ཡོད་པ་གསལ་པོར་རྟོགས་པ་དང་། ས་ཁུལ་གྱི་ངོས་འཛིན་གཅིག་མཐུན་ཐོག་བསྐྱར་ལོག་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ། སྲོལ་ལམ་གཉིས་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ལྷོ་རྒྱ་མཚོའི་གནད་དོན་མུ་མཐུད་འོས་འཚམ་ངང་ཐག་གཅོད་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་སྟེ། འབྲེལ་བ་ཐད་ཀར་ཡོད་པའི་དོ་བདག་རྒྱལ་ཁབ་ཀྱིས་ཕན་ཚུན་གྲོས་མོལ་བྱས་པ་བརྒྱུད་རྩོད་གཞི་ཞི་བའི་ཐོག་ནས་སེལ་རྒྱུ་དང་དེ་བཞིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་དེ་རེད།”
         ལུའུ་ཁང་གིས་འདི་ལོའི་ཟླ་བ་བདུན་པར་འཚོགས་པའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མཉམ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་ཐོག་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》ཕྱོགས་ཡོངས་ནས་དོན་འཁྱོལ་ནུས་ལྡན་བྱ་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བ་དང་། འདི་ལོའི་ཟླ་བ་དགུ་པར་འཚོགས་པའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མཉམ་འབྲེལ་གྱི་འགོ་ཁྲིད་པའི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་གྲུབ་འབྲས་རང་བཞིན་གྱི་ཡིག་ཆའི་ནང་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》ཕྱོགས་ཡོངས་དང་། ནུས་ལྡན། ཆ་ཚང་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱ་རྒྱུའི་ཁས་ལེན་བྱས་པ་མ་ཟད། ད་དུང་གྲོས་མོལ་བྱས་ནས་གཅིག་གྱུར་བྱུང་བའི་རྨང་གཞིའི་ཐོག“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི་”སྔ་ཙམ་གཏན་འཁེལ་ཡོང་རྒྱུར་ངོ་བོའི་རང་བཞིན་གྱི་སྐུལ་འདེད་ཀྱང་བཏང་ཡོད། བྱ་སྤྱོད་དེ་དག་ལས་ལྷོ་རྒྱ་མཚོའི་མཐའ་འཁོར་རྒྱལ་ཁབ་ཀྱི་ཐུན་མོང་བསམ་འདུན་མཚོན་གྱི་ཡོད་ལ་ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་བྱེད་རིང་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་ཡིན་པའང་མཚོན་གྱི་ཡོད་ཅེས་བཤད།
         “ང་ཚོས་དུས་སྐབས་ཤིག་རིང་རི་པིན་གྱིས་ནུས་ཤུགས་ཡོད་རྒུས་རྙོག་བཟོའི་མཐུ་རྩལ་བཏོན་པའི་མཇུག་འབྲས་ལ་སླར་ཡང་ཐེངས་གཅིག་ལྟོས་དང་” ལུའུ་ཁང་གིས་རི་པིན་གྱིས་ཐོག་མར་གཞན་བསྟུན་འུད་སྒྲོག་གིས“རྒྱལ་སྤྱིའི་སྤྱི་ཚོགས་”ཞེས་པར་ཁ་གཡར་ནས་ལྷོ་རྒྱ་མཚོའི་དུས་བབ་ཟང་ཟིང་བཟོ་བའི་ནང་ཞུགས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཉུང་ཤས་ཡིན་པའི་དོན་དངོས་ལ་དམིགས་ཏེ་རྒྱལ་ཁབ་བདུན་བརྒྱད་བསླུ་བྲིད་བྱས་ནས་རང་གི་བློ་སྟོབས་ཆེ་རུ་གཏོང་རྩིས་བྱས་པ། དེ་རྗེས་ཁེར་རྐྱང་དུ་ཇེ་ཆེར་འགྲོ་བའི་གནས་ཚུལ་འོག་རི་པིན་གྱིས་ཐ་ན་མི་བདེན་རྫུན་སྒྲིག་བྱས་ཏེ་རང་གི་ལྟ་ཚུལ་འབྲེལ་ཡོད་རྒྱལ་ཁབ་ལ་བཙན་འགེལ་བྱེད་རྩིས་བྱས་པར་འབྲེལ་ཡོད་རྒྱལ་ཁབ་ཀྱིས་དེ་མ་ཉིད་དུ་བདེན་པ་མིན་པ་ར་སྤྲོད་བྱས་ཡོད་ཅེས་བཤད།
         “ངས་རི་པིན་ཕྱོགས་ལ་དྲན་སྐུལ་བྱ་རྒྱུ་གཉིས་ཡོད་དེ། མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་པ་དང་གཅིག ཀྲུང་གོ་ཕྱོགས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་མཉམ་དུ་སྲོལ་ལམ་གཉིས་ཀྱི་བསམ་ཕྱོགས་གཞིར་བཟུང་ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་པ་དང་གཉིས་ཡིན་”ཞེས་ལུའུ་ཁང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།