འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གིས་ནེ་པ་ལ་བའི་ལྕགས་ལམ་གྱི་ཕུགས་འདུན་བསླངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  “ནེ་པ་ལ་བ་ཚང་མར་ཚེ་མཇུག་ཏུ་མེ་འཁོར་ལ་བསྡད་དེ་ཀ་ཏ་མན་རྡུ་ནས་པོ་ཁཱ་རར་ཡུལ་སྐོར་ལ་བསྐྱོད་རྒྱུའི་ཕུགས་འདུན་དེ་འདྲ་ཞིག་ཡོད”ཅེས་ནེ་པ་ལའི་ཙུང་ལིའི་འགན་བཞེས་མཁན་ཨོ་ལིས་2016ལོའི་ནེ་པ་ལའི་ལོ་གསར་གོང་དུ་རྒྱལ་ཡོངས་ཀྱི་མང་ཚོགས་ཚོར་བརྙན་འཕྲིན་བརྒྱུད་གསུངས་པའི་བཀའ་མོལ་དེར་ནེ་པ་ལའི་ཚོང་པ་ཧྥ་ལ་ཏེར་བག་ཆགས་ཟབ་མོ་བྱུང་ཡོད།
         “ཁོང་གིས་ང་ཚོ་ནེ་པ་ལ་བར་གང་ཞིག་དགོས་པ་དང་ཡུན་རིང་རེ་སྒུག་བྱེད་པའི་གནས་ཚུལ་འགའ་ཞིག་གསུངས་གནང་སོང”ཞེས་ལོ་བཞི་བཅུ་ཡོལ་ཙམ་གྱི་ཧྥ་ལ་ཏེས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་ཀོང་ཏུང་སོགས་སུ་བཙའ་མི་རྒྱག་པའི་ངར་ལྕགས་ཀྱི་ཚོང་རྒྱག་གི་ཡོད་ཅེས་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་བཤད།
         ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་དང་ཡུལ་སྐོར་གྱི་གནས་མཆོག་པོ་ཁཱ་རའི་དབར་བར་ཐག་སྤྱི་ལེ་140ཡོད། ས་གནས་གཉིས་འབྲེལ་མཐུད་ཐུབ་པའི་འགྲོ་ལམ་འབར་འབུར་ཡིན་རྐྱེན། རླངས་འཁོར་ལ་བསྡད་ན་ཆུ་ཚོད་5ནས་7བར་འགོར་གྱི་ཡོད་པ་དང་། གནམ་གྲུར་བསྡད་དེ་བསྐྱོད་ན། རིན་གོང་མཐོ་པོ་ཡོད་པ་མ་ཟད་ད་དུང་རྟག་ཏུ་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་གི་ཡོད། ཀ་ཏ་མན་རྡུ་དང་པོ་ཁཱ་ར་དབར་གྱི་འགྲིམ་འགྲུལ་དཀའ་གནད་ཡོད་པ་དེ་ཐོག་ནས་རི་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན་པའི་ནེ་པ་ལར་འགྲིམ་འགྲུལ་གྱི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་ལུགས་གསལ་པོར་མངོན་ཡོད།
         ནེ་པ་ལར་དུས་རབས་གོང་མའི་ལོ་རབས་20པར་ལྕགས་ལམ་སྐྲུན་འགོ་བཙུགས་པ་དང་། སྐབས་དེར་རྒྱ་གར་བས་རྒྱ་གར་དང་ཉེ་བའི་ནེ་པ་ལའི་མངའ་ཁོངས་སུ་ལྕགས་ལམ་དུམ་བུ་ཆུང་ཆུང་ཞིག་བཟོས་པ་དེའི་དམིགས་ཡུལ་ནི་ལྕགས་ལམ་བརྒྱུད་རྒྱ་གར་དུ་ནེ་པ་ལའི་ཤིང་ཆ་དབོར་འདྲེན་བྱ་ཆེད་རེད།
         ད་ལྟ་ལོ་90ལྷག་ཙམ་འདས་མོད། འོན་ཀྱང་ནེ་པ་ལས་གཉེར་སྐྱོང་བྱས་པའི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་བརྒྱ་ཙམ་ཁོ་ན་ལས་མེད། སྔོན་ཆད་ནེ་པ་ལའི་རྨང་གཞིའི་འཛུགས་སྐྲུན་དང་འགྲིམ་འགྲུལ་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་བཞེས་མཁན་ཐུའུ་ལ་སའེ་ཡིས“ཨོ་ལི་སྲིད་གཞུང་གི་གོང་དུ་ལྕགས་ལམ་ལ་མཐོང་ཆེན་བྱེད་མྱོང་མེད་ལ། སྲིད་གཞུང་གིས་ཀྱང་ལྕགས་ལམ་ནི་འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་ཁེ་ཕན་ཆེ་ཤོས་ཐོབ་མཁན་ཞིག་ཡིན་པ་ངོས་འཛིན་ཐུབ་མེད”
         2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ཅིང་། སྐབས་དེར་ནེ་པ་ལ་སྲིད་གཞུང་གི་དབུ་བཞུགས་དྲུང་ཡིག་གི་འགན་བཞེས་མཁན་པའོ་ཏེའར་ལྷ་སར་ཕྱག་ལས་གནང་སྐབས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བའི་དུས་སྐབས་དེ་བརྗེད་པར་དཀའ་བ་ཞིག་ཡིན་པའི་དཔང་པོ་བྱེད་ཐུབ།
         ལོ་དེར་ཨོ་ལིས་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་ཀྱི་མིང་གི་ཐོག་ནས་ལྷ་ས་བརྒྱུད་དེ་ཀྲུང་གོར་འཚམས་འདྲི་གནང་བ་རེད། པའོ་ཏེའར་གྱིས་ཁོང་ལ་སྙན་སེང་ཞུས་པ་སྟེ། ཀྲུང་གོས་མཚོ་བོད་ལྕགས་ལམ་དེ་གཞིས་རྩེ་བར་སྣུར་སྲིང་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། གཞིས་རྩེ་ནས་ནེ་པ་ལའི་ཁྱིམ་མཚེས་ཡིན་པའི་སྐྱིད་གྲོང་རྫོང་བར་སྤྱི་ལེ་500ཙམ་ལས་མེད། ནེ་པ་ལས་ངེས་པར་དུ་གོ་སྐབས་དེ་དམ་འཛིན་བྱས་ནས། ཀྲུང་གོ་ཕྱོགས་ལ་ལྕགས་ལམ་དེ་ནེ་པ་ལ་དང་ཉེ་བའི་མཐའ་མཚམས་བར་སྣུར་སྲིང་བྱ་རྒྱུའི་རེ་བ་བཏོན་པ་དེ་རེད།
         2014ལོའི་ཟླ་7པར། མཚོ་བོད་ལྕགས་ལམ་གཞིས་རྩེ་བར་སྣུར་སྲིང་བྱས་པས་ནེ་པ་ལ་དང་ཐག་དེ་བས་ཉེ་རུ་ཕྱིན་ཡོད།
         2014ལོའི་ཟླ་12པར། ཀ་ཏ་མན་རྡུ་དང་བར་ཐག་སྤྱི་ལེ་160ཡོད་པའི་ཀྲུང་གོའི་སྐྱིད་གྲོང་ནས་ནེ་པ་ལའི་རི་ཟུར་བར་གྱི་ཕྱོགས་གཉིས་པོའི་འགག་སྒོ་དངོས་སུ་ཤར་གཏོང་ཐུབ་ཡོད། ས་གནས་ས་ཐོག་གི་བརྟག་ཞིབ་ནང་ཐེངས་མང་ཞུགས་མྱོང་ཡོད་པའི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཁྲེང་ཏུའུ་རི་ཁུལ་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཞའོ་ཆིང་གིས་ཀྲུང་ནེའི་ཉོ་ཚོང་གི་བགྲོད་ལམ་གཙོ་བོ་ཡིན་པའི་འགྲམ་སོགས་འགག་སྒོ་དང་བསྡུར་ན། སྐྱིད་གྲོང་ལ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྕགས་ལམ་དང་གནམ་ཐང་བསྐྲུན་རྒྱུའི་ས་གཤིས་ཀྱི་ཆ་རྐྱེན་དེ་བས་ཡག་པ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         2016ལོའི་ཟླ་3པར། ཨོ་ལིས་ཀྲུང་གོར་འཚམས་འདྲི་གནང་རིང་། ནེ་པ་ལར་ལྕགས་ལམ་བསྐྲུན་རྒྱུ་དེ་མཐར་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་པ་དང་། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིའི་འོག་རྣམ་གྲངས་གལ་ཆེན་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོའི་སྲིད་གཞུང་གི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཀྲུང་ནེ་རྒྱལ་སྒྲོལ་ལྕགས་ལམ་དང་ནེ་པ་ལའི་མངའ་ཁོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་ཐད་སྤེལ་རེས་གནང་བ་མ་ཟད། ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་དུས་འགོའི་གྲ་སྒྲིག་ལས་དོན་གང་མགྱོགས་སྤེལ་རྒྱུའི་མོས་མཐུན་ཡང་བྱས་པ་རེད།
         ནེ་པ་ལའི་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་ཨ་ཁྲ་ཡས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་8པར་ཀྲུང་གོའི་ཀུང་སི་7གྱིས་ལྕགས་ལམ་ཅུས་ལ་ཡིག་ཐོག་སྙན་ཞུ་ཕུལ་ནས་ཀ་ཏ་མན་རྡུ་ནས་སྐྱིད་གྲོང་བར་གྱི་ལྕགས་ལམ་གྱི་བསྒྲུབ་འཐུས་རང་བཞིན་གྱི་ཞིབ་འཇུག་ཐོབ་ཐང་རག་རྒྱུའི་འདུན་པ་ཞུས་པ་རེད། པོ་ཁཱ་ར་རྒྱལ་སྤྱིའི་གནམ་ཐང་སྐྲུན་འགན་ཁུར་མཁན་ཀྲུང་གོ་བཟོ་ལས་རྒྱལ་སྤྱིའི་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིས་འདས་ཟིན་པའི་ལོ་ཁ་ཤས་རིང་གི་དུས་ཚོད་སྤྱད་ནས་ཀ་ཏ་མན་རྡུ་ནས་པོ་ཁེ་ལ་བར་གྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་ཀ་ཏ་མན་རྡུ་ནས་སྐྱིད་གྲོང་བར་གྱི་ལྕགས་ལམ་སོགས་ཀྱི་རྣམ་གྲངས་ཀྱི་ཐོག་མའི་བསྒྲུབ་འཐུས་རང་བཞིན་གྱི་ཞིབ་འཇུག་ལེགས་སྒྲུབ་བྱས་པ་རེད།
         “གནས་ཚུལ་སྤེལ་བའི་ནང་2015ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2018ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་282བྱུང་བ་དེ་མཚོ་བོད་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་གི་ལྡབ་11དང་ལྡབ་15ཡིན་པ་རེད། གལ་སྲིད་ཡུལ་སྐོར་བ་དེ་དག་ལས་བཅུ་ཆ་གཅིག་མེ་འཁོར་ལ་བསྡད་དེ་ནེ་པ་ལར་བསྐྱོད་ཚེ་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་བབ་ཀྱི་རེད། འཛམ་གླིང་ཐོག་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་དབུལ་པོའི་གྲས་ཤིག་ཡིན་པའི་ནེ་པ་ལས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་འཁོད་ཡོད”ཅེས་པའོ་ཏེའར་གྱིས་འབྱུང་འགྱུར་ལ་རེ་བས་ཁེངས་ཤིང་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།