འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གྲོང་གསེབ་དགེ་རྒན་ཁྲི་1.6གི་གླ་ཕོགས་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 08:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཚེས་10ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2016ལོའི་བོད་ལྗོངས་ཀྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་1000མཐོ་རུ་བཏང་བས། གྲོང་གསེབ་དགེ་རྒན་ཁྲི་1.6ལ་ཕན་པ་ཐོབ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་བོད་ལྗོངས་ཀྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་བཏང་རྗེས་ཟླ་རེར་མི་རེར་ཆ་སྙོམས་བྱས་ན་རིགས་གཉིས་པའི་ས་ཁུལ(ས་བབ་སྨི་4000མན)ལ་སྒོར་500དང་། རིགས་གསུམ་པའི་ས་ཁུལ(ས་བབ་སྨི་4000ནས་སྨི་4500བར)ལ་སྒོར་1000 རིགས་བཞི་པའི་ས་ཁུལ(ས་བབ་སྨི་4500ཡན)ལ་སྒོར་1500བཅས་སོ་སོར་མཐོ་རུ་བཏང་ཡོད། བོད་ལྗོངས་སུ་ཞིང་འབྲོག་ཁུལ་གྱི་སློབ་གྲྭས་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་བསྡོམས་འབོར་གྱི་96.09%བཟུང་བ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་88%ཞིང་འབྲོག་ཁུལ་དུ་སློབ་གྲྭ་འགྲིམ་བཞིན་ཡོད། 2015ལོའི་ལོ་མཇུག་བར་བོད་ལྗོངས་སུ་གྲོང་གསེབ་དགེ་རྒན་བསྡོམས་ཁྲི་1.6ཡོད་པ་དེས་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་བསྡོམས་འབོར་གྱི་42.3%བཟུང་གི་ཡོད།
         འདི་ལོའི་དགེ་རྒན་དུས་ཆེན་གོང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དགེ་རྒན་978ལ“བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དགེ་རྒན་བྱས་ནས་ལོ་20འཁོར་བའི་མཚན་སྙན་བྱ་དགའ”དང་དེ་བཞིན་དགེ་རྒན་317ལ“བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དགེ་རྒན་བྱས་ནས་ལོ་25འཁོར་བའི་ཚེ་གང་གྲུབ་འབྲས་བྱ་དགའ”ཐོག་མར་སྤྲད་པ་རེད།
         སྐབས་དང་པོའི“བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དགེ་རྒན་བྱས་ནས་ལོ་25འཁོར་བའི་ཚེ་གང་གྲུབ་འབྲས་བྱ་དགའ”ཐོབ་པའི་ཟླ་བ་ཕུན་ཚོགས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བྲག་རྩ་སློབ་ཆུང་གི་ཨང་རྩིས་དགེ་རྒན་ཡིན་ཞིང་། ལོ་28རིང་ཁོང་གིས་སྔ་བར་ཕྱི་གསུམ་དུ་ས་བབ་སྨི་4500ཡོད་པའི་གཞི་རིམ་སློབ་གྲྭར་སློབ་ཁྲིད་ལས་ལ་གཞོལ།
         ཟླ་བ་ཕུན་ཚོགས་ཀྱིས“ངས་བྲག་རྩ་སློབ་ཆུང་གི་ཆ་རྐྱེན་ཞན་ལ་གནམ་གཤིས་ཡག་པོ་མེད་པ་ཤེས་ཀྱི་ཡོད་མོད། ཡིན་ནའང་འདི་གར་ཕྲུ་གུ་ཁྱུ་གཅིག་སློབ་གྲྭར་འགྲོ་དགོས་ཀྱི་ཡོད། ད་ཆ་ཕྱོགས་ཚང་མའི་ཆ་རྐྱེན་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད་པས། དགེ་རྒན་གྱིས་ཀྱང་དྲ་རྒྱ་དང་གློག་སྤྱད་སློབ་ཁྲིད་ལ་བརྟེན་ནས་ཤེས་བྱ་གསར་པ་གང་མང་ཞིག་སྦྱོང་ཐུབ། ང་ཚོས་གྲོང་གསེབ་དགེ་རྒན་བྱེད་པ་དེ་ནི་གཟི་བརྗིད་ཆེ་བའི་ལས་ཀ་ཞིག་ཡིན། ང་ཚོའི་རེ་བ་ཆེ་ཤོས་ནི་ཕྲུ་གུ་ཚོར་རིག་གནས་ཤེས་བྱ་མང་ཙམ་སློབ་ཁྲིད་བྱ་རྒྱུ་དེ་ཡིན”ཞེས་བཤད་པ་རེད།
         ཉེ་བའི་ལོ་ཤས་རིང་བོད་ལྗོངས་སུ་གྲོང་གསེབ་དགེ་རྒན་ཚང་མའི་ཆ་རྐྱེན་མཐོར་གཏོང་གི་འདུ་འགོད་ལག་ལེན་བསྟར་ནས་དགེ་རྒན་གྱི་གསོ་སྦྱོང་ལྟེ་གནས་10བསྐྲུན་པ་དང་དགེ་རྒན་གསོ་སྦྱོང་གི་ཐོན་ཁུངས་སྤུས་ལེགས་ལ་བརྟེན་ནས་དགེ་རྒན་དང་སློབ་སྤྱིར་ལོ་ལྔ་རེར་ཐེངས་རེའི་སློབ་དུས་360ལས་མི་ཉུང་བའི་རེས་སྐོར་གསོ་སྦྱོང་བྱེད་པ་དང་གྲོང་གསེབ་དགེ་རྒན་ལ་སློབ་དུས་50ལས་མི་ཉུང་བའི་ཆ་འཕྲིན་ལག་རྩལ་གྱི་རྒྱུན་སྤྱོད་ནུས་པ་མཐོར་གཏོང་གི་གསོ་སྦྱོང་བྱེད་ཀྱི་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མི་ཐེངས་ཁྲི་5.5ལ་གསོ་སྦྱོང་བྱས་པ་དང་དེའི་ནང་གྲོང་གསེབ་དགེ་རྒན་གྱིས་70%ཙམ་བཟུང་ཡོད།
         སླར་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་2020ལོ་བར་བོད་ལྗོངས་ཀྱིས་ད་དུང་ས་བབ་སྨི་4000ཡན་གྱི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་རྒྱུ་ཡིན་པས། ཕུལ་བྱུང་དགེ་འོས་སློབ་མ་ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ཏུ་སློབ་ཁྲིད་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།