འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།“ལྗང་མདོག་དངུལ་ཁང”གི“གསོག་འཇོག”ནུས་པ་ཆེ་རུ་སོང་བ།

    —— རང་རྒྱལ་གྱི་སྣོད་བཅུད་སྲུང་སྐྱོང་བྱ་གཞག་བགྲོད་ལམ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 08:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ནགས་ཚལ་ནི་སྐམ་སའི་སྣོད་བཅུད་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། གལ་ཏེ་ནགས་ཚལ་མེད་པར་གྱུར་ན་སའི་གོ་ལར་གནས་ཚུལ་གང་ཞིག་འཕྲད་རྒྱུ་ཡིན་ནམ།
         ནགས་ཚལ་མེད་པར་གྱུར་ན་སྐམ་སའི་སྐྱེ་དངོས་དང་ཚྭ་མེད་ཆུ་སོགས་90%ཉུང་དུ་འགྲོ་རྒྱུ་དང་སྐྱེ་དངོས་ཀྱིས་གསོ་རླུང་གཏོང་ཚད་60%ཉུང་དུ་འགྲོ་རྒྱུ་རེད། དེ་ལྟ་བུའི་སའི་གོ་ལའི་ཐོག་མིའི་རིགས་འཚོ་ཐབས་བྲལ་ཞེས་ཚན་རིག་མཁས་པས་སྔོན་དཔག་བྱས་ཡོད་པ་རེད།
         རང་ཉིད་ཀྱི་མིག་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས་པའི་བསམ་གཞི་དེ་དུས་རབས་ཀྱི་རླབས་རྒྱུན་ཞིག་ཏུ་གྱུར་ཡོད།
         ལྗང་མདོག་ཚང་མར་སྲུང་སྐྱོང་ཡག་པོ་བྱས་ཏེ“ལྗང་མདོག་དངུལ་ཁང”ལྟ་བུ་ཡིན་པའི་ནགས་ཚལ་ལ་སྣོད་བཅུད་ནུས་པ་སྔར་བས་མང་པོ་དང་སྔར་བས་ཆེན་པོ་ལྡན་པ་བྱ་རྒྱུ་དང་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་འགན་ལེན་བྱ་རྒྱུ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ནགས་ལས་འཛུགས་སྐྲུན་གྱི་ལས་འགན་ཆེན་པོ་ཞིག་རེད།
         སྲུང་སྐྱོང་ཨང་དང་པོར་བཞག་ནས་སྣོད་བཅུད་དམར་ཐིག་སྲུང་པ།
         2016ལོར་རང་རྒྱལ་གྱིས་རང་བྱུང་ཤིང་ནགས་ཚོང་ལས་རྣམ་པའི་གཅོད་འབྲེག་བྱེད་མཚམས་ཕྱོགས་ཡོངས་ནས་བཞག་པ་དེ་ནགས་ལས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་མཚོན་རྟགས་རང་བཞིན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད། དེའི་ཐོག་ནས་ཤིང་ཆ་ཐོན་སྐྱེད་བྱ་རྒྱུ་གཙོ་བོ་བྱེད་པ་ནས་སྣོད་བཅུད་སླར་གསོ་དང་འཛུགས་སྐྲུན་བྱ་རྒྱུ་གཙོ་བོ་བྱེད་པར་འགྱུར་འགོ་ཚུགས་པ་མཚོན་གྱི་ཡོད་ལ་དཔལ་འབྱོར་གྱི་ཁེ་ཕན་གཏོད་རྒྱུ་གཙོ་བོ་བྱེད་པ་ནས་སྣོད་བཅུད་ཞབས་འདེགས་ཞུ་རྒྱུ་གཙོ་བོ་བྱེད་པར་འགྱུར་འགོ་ཚུགས་པའང་མཚོན་གྱི་ཡོད་པ་རེད།
         ང་ཚོས་ཤིང་ནགས་གཅོད་མཚམས་བཞག་ནས་སྲུང་སྐྱོང་བྱེད་དགོས་པ་མ་ཟད། ད་དུང་འདེབས་འཛུགས་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས། རི་རྒོད་ནགས་བཟོ་དང་། རྨོ་བསྐྱུར་ནགས་གསོ། གྲོང་ཁྱེར་སྔོ་སྒྱུར། ཞིང་འགྲམ་གྱི་འགོག་སྲུང་ཤིང་ནགས་འདེབས་འཛུགས། འདམ་ར་སྲུང་སྐྱོང་། བྱེ་འགོག་བྱེ་བཅོས། ནགས་ཚལ་མེ་ཟོན། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སོགས་སྣོད་བཅུད་སླར་གསོའི་འདུ་འགོད་ཆེ་རིགས་ལག་ལེན་བསྟར་བ་བརྒྱུད་རང་རྒྱལ་གྱི་ནགས་ཚལ་ཁྱབ་རྒྱ་21.66%བར་མཐོ་རུ་སོང་ནས་འཛམ་གླིང་ཐོག་གི་ནགས་ཚལ་ཐོན་ཁུངས་མང་དུ་འགྲོ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་རེད།
         ད་ལྟ་རང་རྒྱལ་གྱིས་ནགས་ར་དང་ནགས་ཚལ། འདམ་ར། བྱེ་ཁུལ་གྱི་རྩྭ་རྩི་ཤིང་། སྐྱེ་དངོས་རིགས་བཅས་སྣོད་བཅུད་དམར་ཐིག་བཞི་ཕྱེ་ཡོད། རང་བྱུང་ཤིང་ནགས་སྲུང་སྐྱོང་འདུ་འགོད་དོ་དམ་སྲུང་སྐྱོང་བྱེད་རྒྱ་མུའུ་དུང་ཕྱུར་17.32བར་ཆེ་རུ་སོང་བ་དང་། རང་བྱུང་འདམ་ར་སྲུང་སྐྱོང་བྱེད་ཚད་46.8%བར་མཐོ་རུ་སོང་བ། བྱེ་ས་ཅན་དུ་གྱུར་པའི་ས་ཆ་བཅོས་སྒྲིག་བྱེད་རྒྱ་སྤྱི་ཆིང་ཁྲི་1000ཟིན་པ། རྒྱལ་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་2740བཙུགས་པ་དེས་སྐམ་སའི་རྒྱ་ཁྱོན་གྱི་14.83%བཟུང་ཡོད་པ་རེད།
         —— ཅང་སུའུ་ཡི་ཧུང་ཙེ་མཚེའུ་ཁུལ་གྱི་འདམ་ར་ནས་ན་ནིང་མི་ཞིག་གིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཏེ་ཤར་ཕྱོགས་ཀྱི་ཆུ་བྱ་མགོ་དམར་86པར་དུ་བླངས་པ་དེ་ཉེ་བའི་ལོ་སུམ་ཅུའི་རིང་ཐེངས་དང་པོ་རེད།
         —— ཅི་ལིན་ཡུས་ཆིང་རྫོང་ལེན་ཅ་ནགས་ར་ནས་ན་ནིང་ལོ་མཇུག་ཏུ་ན་ལོན་བྱང་ཤར་གྱི་གཟིག་གཅིག་གིས་གཟིག་ཕྲུག་སྐྱོང་བའི་གནས་ཚུལ་ཞིག་ཀྱང་བརྙན་འབེབས་བྱུང་བ་ནི་འཛམ་གླིང་ཐོག་སྟོངས་ལ་ཤིན་ཏུ་ཉེ་བའི་བྱི་ལ་རིགས་ཀྱི་སྲོག་ཆགས་ཆེ་རིགས་ཤིག་རེད།
         —— ནང་སོག་ཁེ་ཧྲེང་ཁེ་ཐེང་ཆི་ཏཱ་ལི་ནུའུ་མཚེའུ་ནས་ལོ་གསུམ་བསྟུད་མར་ངང་པས་སྒོ་ང་བཏང་བ་ཤེས་རྟོགས་བྱུང་ཡོད། དེ་གོང་ཏཱ་ལི་ནུའུ་ནས་ངང་པའི་སྒོ་ང་མ་མཐོང་བར་ལོ་30ཙམ་སོང་བ་ལ་སོགས་རེད།
         རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ལུང་གིས་ནགས་ལས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་སྲུང་སྐྱོང་བྱ་རྒྱུ་དེ་གནས་བབ་སྔར་བས་མངོན་གསལ་དོད་པོ་ཞིག་གི་ཐོག་བཞག་སྟེ་སྣོད་བཅུད་དམར་ཐིག་ནན་གྱིས་བསྲུངས་ནས་ནགས་ཚལ་དང་། འདམ་ར། ཐང་རྒོད་བཅས་ཀྱི་སྣོད་བཅུད་མ་ལག་དང་དེ་བཞིན་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སོར་ཆུད་སྐྱེ་འཕེལ་གང་ལེགས་ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།
         སྣོད་བཅུད་ཤེས་དཔལ་ནི་དམངས་འདུན་ཡིན་ལ་དམངས་འཚོ་ཡང་ཡིན་པ།
         ལོ་52ལ་སླེབས་པའི་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་ཧན་ཐའེ་གྲོང་ཚོའི་ཞིང་པ་ཧན་རུའེ་ཝུན་ལ་ཐོབ་ཐང་གསར་པ་ཞིག་བྱུང་བ་ནི་ཁྱིམ་ཚང་ནགས་རའི་སྦྱིན་བདག་ཏུ་གྱུར་པ་དེ་རེད། འདི་ལོ་ཧན་རུའེ་ཝུན་གྱིས་སྣོད་བཅུད་ཤིང་ནགས་མུའུ་150འགན་གཙང་བླངས་པ་དང་ནགས་རར་སྨན་རྩྭ་དང་ཤ་མོང་སོགས་འདེབས་འཛུགས་བྱས་པ་དག་ཁོང་གི་འབབ་ཁུངས་གཙོ་བོར་གྱུར་ཡོད་པ་རེད།
         ཧན་རུའེ་ཝུན་ནི་ན་ནིང་ཟླ་བརྒྱད་པར་པེ་ཅིང་དུ་ཁྱིམ་ཚང་ནགས་རའི་ཚོད་ལྟའི་ལས་དོན་སྤེལ་ཚུན་དེའི་ནང་ཞུགས་མཁན་ཞིང་དུད་64ཁྲོད་ཀྱི་གྲས་ཤིག་རེད། ཁོང་གིས་གཉེར་སྐྱོང་བྱེད་པའི་མཉམ་སྡེབ་སྣོད་བཅུད་ཤིང་ནགས་དེ་སླད་ཕྱིན“ལྗང་མདོག་དངུལ་ཁང”ཞིག་ཏུ་གྱུར་ནས་ཁོང་ལ་ཕན་པ་ཡུན་རིང་ཐོབ་རྒྱུ་རེད།
         སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་དམངས་འདུན་རེད་ལ་དམངས་འཚོ་ཡང་རེད།
         ས་གནས་ཁག་གི་ལག་ལེན་ཐོག་ནས་སྣོད་བཅུད་སླར་གསོ་བྱས་པ་བརྒྱུད་ཐོན་ཁུངས་འཚོང་བ་ནས“ཡུལ་ལྗོངས་འཚོང་བའི”བར་འགྱུར་ལྡོག་བཏང་བ་དེས“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ལམ་བུ་གསལ་བཤད་ནུས་ལྡན་བྱས་ཡོད་པ་རེད།
         སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ལྗང་མདོག་འཕེལ་རྒྱས་དང་། ལྗང་མདོག་རྒྱལ་ཕྱུག ལྗང་མདོག་དམངས་ཕན་བཅས་ཡོང་བར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ནགས་ལས་འཕེལ་རྒྱས་ནི་སྣོད་བཅུད་སྲུང་སྐྱོང་གི་གཡུལ་ས་གཙོ་བོ་དང་ཞིང་པ་འབྱོར་ཕྱུག་གི་ཡོངས་ཁུངས་གཙོ་བོ་ཞིག་རེད་ལ་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད།
         “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཆ་མཚོན་ན། བྱེ་འགོག་བྱེ་བཅོས་བྱ་རྒྱུ་དང་ནགས་ལས“ཕྱིར་ཐོན”བྱ་རྒྱུ་ནི་ནང་དོན་གལ་ཆེན་ཞིག་རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གསུམ་པོའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཆ་མཚོན་ན། སྣོད་བཅུད་ནི་སྔོན་ལ་ཚད་བརྒལ་ཡོང་བ་བྱེད་དགོས་པའི་ཁྱབ་ཁོངས་གསུམ་གྱི་ཡ་གྱལ་ཞིག་རེད། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཆ་མཚོན་ན་སྣོད་བཅུད་སླར་གསོའི་འདུ་འགོད་དེ་སྔོན་ལ་འདེམས་པའི་གདམ་ཚན་ཞིག་ལ་བརྩི་དགོས།
         ཀྲང་ཅན་ལུང་གིས་ནགས་ལས་ནི་སྣོད་བཅུད་ཐོན་རྫས་མཁོ་འདོན་པ་གཙོ་བོ་རེད། མཉམ་སྐྲུན་མཉམ་སྤྱོད་ཀྱི་ལམ་སྲོལ་ཡག་པོ་ཞིག་འཚོལ་ཞིབ་བྱས་ནས་ཆགས་པར་བྱས་ཏེ་ནགས་ལས་འཛུགས་སྐྱོང་ནང་ཧུར་ཐག་གིས་ཞུགས་པའི་མང་ཚོགས་ཀྱི་ཡིད་དབང་འགུག་ཐབས་བྱ་རྒྱུ་དང་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲང་སྙོམས་ངང་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་ནི་འགག་རྩ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།
         དེར་བརྟེན། ས་གནས་ཁག་གིས་ནགས་ཚལ་གྲོང་ཁྱེར་དང་ནགས་ཚལ་གྲོང་གསེབ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་དགོས་པ་དང་། ནགས་ལས་ཐོན་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ནགས་ལས་ཐོན་རྫས་མཁོ་སྤྲོད་ནུས་ལྡན་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་འབོར་དབུལ་པོ་རྣམས་ས་གནས་དེ་རང་གི་ནགས་སྲུང་པར་བསྡུ་དགོས།
         “ལྗང་མདོག་གི་དུང་བརྡ”ཕྱོགས་ཡོངས་ནས་བཏང་བ།
         ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་ན་ངེས་པར་དུ་ལྗང་མདོག་ཐོན་ཁུངས་ཀྱི་འདེགས་སྐྱོར་དགོས། རང་རྒྱལ་གྱི་ནགས་ཚལ་ཐོན་ཁུངས་མངོན་གསལ་དོད་པོས་མང་དུ་སོང་རུང་སྤྱིའི་ཆ་ནས་བརྗོད་ན་ད་དུང་ནགས་ཚལ་དང་སྔོ་ལྗང་ཉུང་དྲགས་ཡོད་པ་རེད། ནགས་ཚལ་གྱི་ཁྱབ་རྒྱ་དེ་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་10ཙམ་དམའ་བ་དང་སྣོད་བཅུད་ཉམས་ཞན་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་60%བཟུང་ཡོད་པ་རེད།
         2015ལོའི་ཟླ་བཅུ་པར་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དེ་ནི་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། འདི་ལོ་རང་རྒྱལ་གྱི་ཚོགས་འདུ་གཉིས་ཀྱི་ཐོག་ཆོག་མཆན་གནང་བའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དུ་བརྩིས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་ལས་འགན་གལ་ཆེན་ཞིག་བཏོན་ཡོད་པ་རེད།
         རང་རྒྱལ་གྱིས་2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་23.04%བར་མཐོ་རུ་གཏོང་རྒྱུ་དང་། འདམ་རའི་རྒྱ་ཁྱོན་མུའུ་དུང་ཕྱུར་8ལས་མི་དམའ་བ་ཡོང་བ་བྱ་རྒྱུ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཞིག་རྩ་བའི་ཆ་ནས་འགྲུབ་ཐུབ་པ་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད། དེར་བརྟེན་རྒྱལ་ཁབ་ཀྱི་ས་ཆ་ལྗང་མདོག་ཅན་དུ་ཕྱོགས་ཡོངས་ནས་གྱུར་པའི་དམིགས་ཚད་ཀྱི“ལྗང་མདོག་དམག་འཐབ”ཀྱི་དུང་བརྡ་བཏང་ཡོད་པ་རེད།
         རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོའི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ཞིང་། “བྱང་གསུམ”ས་ཁུལ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གསུམ། འབྲི་ཆུའི་དཔལ་འབྱོར་རྒྱུད་སོགས་གཙོ་གནད་ས་ཁུལ་གྱི་ནགས་བཟོ་སྔོ་འགྱུར་གྱི་གོམ་སྟབས་མགྱོགས་མྱུར་སྤོ་བཞིན་ཡོད་པ་རེད། སླད་ཕྱིན་ལོ་5ཡི་རིང་རྒྱལ་ཡོངས་སུ་ལོ་ལྟར་ནགས་ཚལ་མུའུ་དུང་ཕྱུར་1འདེབས་འཛུགས་བྱ་རྒྱུ་དང་ནགས་ཚལ་མུའུ་དུང་ཕྱུར་1.2གསོ་སྐྱོང་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
         དེ་དང་ཆབས་ཅིག སྲུང་སྐྱོང་གི་རིན་ཐང་ཆེན་པོ་ལྡན་པའི་རང་བྱུང་ནགས་ཚལ་གྱི་སྣོད་བཅུད་མ་ལག་དང་དེ་བཞིན་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་གཙོ་གནད་དུ་སྲུང་སྐྱོང་དང་ཡུན་རིང་གནས་ཐབས་བྱ་རྒྱུ་དང་། འདམ་ར་ཚང་མ་སྲུང་སྐྱོང་གི་ཁྱབ་ཁོངས་ནང་འཇུག་རྒྱུ། སྲུང་སྐྱོང་བྱེད་ཐབས་ནན་ཤོས་སྤྱད་དེ་བྱེ་ཁུལ་གྱི་སྐྱེ་དངོས་དང་ཐང་རྒོད་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།