འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཉེ་བའི་ལོ་ཤས་ནང་བོད་དང་འབྲེལ་བའི་ཕྱིར་སྡོད་རང་མིའི་ལས་དོན་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་ཏེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་བོད་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཆིའུ་ཡོན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཤིས་ཚིག་གསུངས་པ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཐན་ཐེན་ཤིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཝང་རུའེ་ལེན་བཅས་ཚོགས་འདུར་ཕེབས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཅུས་ཅན་ཧྭ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཆིའུ་ཡོན་ཕིང་གིས་གསུང་བཤད་གནང་སྐབས་བོད་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་། ཕྱིར་སྡོད་རང་མིའི་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་རིམ་ཁག་སྲིད་གཞུང་གི་ཕྱིར་སྡོད་ལས་མིའི་སྡེ་ཚན་གྱིས་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་མཐོ་ཚད་ཐོག་ནས་ཕྱིར་སྡོད་རང་མིའི་བོད་སྐྱོར་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ལུགས་བསྟན་ཡོད། ཁོང་གིས་དུས་བབ་གསར་པའི་འོག་ཕྱིར་སྡོད་རང་མིའི་བོད་སྐྱོར་ལས་དོན་ཐད་ས་གནས་ཁག་གི་ཕྱིར་སྡོད་རང་མིའི་ཐོན་ཁུངས་སྐོང་འཐེན་གང་ལེགས་དང་བེད་སྤྱོད་ཡག་པོ་བྱས་ནས་རོགས་སྐྱོར་དང་ལེན་བྱེད་མཁན་ས་ཁུལ་གྱི་དོན་དངོས་དགོས་མཁོར་གཞིགས་ཏེ་བོད་ལ་དམངས་འཚོ་ལེགས་སུ་གཏོང་བ་དང་། སློབ་གསོ་འཕེལ་རྒྱས་གཏོང་བ། གནད་སྨིན་དབུལ་སྐྱོར། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པ་བཅས་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་རྒྱ་ཆེའི་ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླ་དང་མཐུན་སྒྲིལ་གང་ལེགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         ཁྲེན་ཆོན་གོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་སྣེ་འཁྲིད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལས་དོན་ཏན་ཏིག་སྒྲུབ་པ་དང་གསར་འབྱེད་ཡར་བརྩོན་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་ལེགས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་གཏོད་དགོས། དེ་དང་ཆབས་ཅིག་བོད་ཀྱི་ཕྱིར་སྡོད་རང་མིའི་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་ཐད་ཕན་འབྲས་བཟང་པོ་ཐོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ད་རེས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ནས་བོད་དང་འབྲེལ་བ་ཡོད་པའི་ཕྱིར་སྡོད་རང་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་སྟོབས་ཆེན་བཏང་ནས་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ཐད་ཕྱི་ཕྱོགས་ཁོར་ཡུག་བཟང་པོ་གཏོད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཚོགས་འདུའི་ཐོག་ཏེང་ཞའོ་ཀང་དང་ཐན་ཐེན་ཤིན་རྣམ་གཉིས་ཀྱིས་ཕྱོགས་གཉིས་པོའི་ཚབ་ཞུས་ཏེ་《རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་བོད་སྐྱོར་ལས་དོན་གྱི་ཟིན་ཐོར་》མཚན་རྟགས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།