འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་དར་ཁ་བཞུར་ནས་དཔྱིད་ཀ་ཤར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 08:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་པོར་ལོ་ལྟར་ཟླ་བ་བཅུ་གཉིས་པའི་ཟླ་དཀྱིལ་དུ་དར་ཆགས་པ་དང་ལོ་རྗེས་མའི་ཟླ་བ་བཞི་པར་དར་བཞུར་གྱི་ཡོད། མཐའ་འཁོར་རྒྱུད་ཀྱི་གནམ་གཤིས་དྲོ་རུ་ཕྱིན་པར་བརྟེན། འདི་ལོ་མཚོ་སྔོན་པོའི་དར་ཁ་སྔ་སྣུར་དུ་བཞུར་ནས་དཔྱིད་ཀ་རིམ་གྱིས་ཤར།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་རྒྱང་ཚོར་ལྟེ་གནས་ཀྱི་ལྟ་ཞིབ་ཚད་ལེན་ལས་མངོན་པར། ཟླ་3ཚེས་9ཉིན་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་རྟ་ནག་ཆུ་བོའི་རྒྱུད་ནས་དར་ཁ་བཞུར་འགོ་ཚུགས་་པ་མ་ཟད། མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་ལྷོ་བྱང་འབྲེལ་སར་སེར་ཁ་ཆེན་པོ་ཞིག་རྒྱུགས་ཤིང་། ཉེ་ཆར་མཚོ་སྔོན་པོའི་འཁྱགས་ངོས་ཀྱང་གཞི་ཁྱོན་ཆེན་པོས་གས་འགོ་ཚུགས།
         མཚོ་སྔོན་པོའི་དར་ཁ་རིམ་གྱིས་བཞུར་ནས་གཡུ་ལྟར་སྔོ་བའི་མཛེས་སྡུག་གི་རྣམ་པ་སླར་ཡང་མངོན་པ་མཐོང་སྐབས། མཚོ་སྔོན་པོའི་འགྲམ་དུ་སྡོད་མཁན་བོད་རིགས་བགྲེས་སོང་བན་དེའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ཞིང་། ལོ་64སླེབས་པའི་བགྲེས་སོང་ཁོང་མཚོ་སྔོན་པོའི་ཤར་རྒྱུད་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཧེ་ཡན་རྫོང་ཝ་འཇོག་ཤང་དངུལ་རི་གྲོང་ཚོ་ནས་ཡིན་པ་དང་། ཁོང་ཁྱིམ་དང་མཚོ་སྔོན་པོའི་དབར་བར་ཐག་སྤྱི་ལེ་གསུམ་ལས་མེད། ཉིན་ཤས་གོང་གསར་འགོད་པ་བགྲེས་སོང་དང་མཉམ་དུ་མཚོ་འགྲམ་དུ་བསྐྱོད་སྐབས་མཚོའི་འགྲམ་དུ་འཁྱགས་པ་ཕུང་གསོག་ཐེབས་ནས་འདུག་ལ། ངོགས་ཀྱི་གངས་གསོག་ཀྱང་སྤུས་མོར་སླེབས་ཀྱི་འདུག རྟ་བདུན་དབང་པོ་རིམ་གྱིས་ཤར་རིའི་རྩེ་ནས་ཤར་སྐབས“ཚག་ཚག”ཅེས་པའི་སྒྲ་དང་བསྟུན་ནས་དར་རིམ་གྱིས་བཞུར་བཞིན་འདུག་ལ། རྒྱང་རིང་གི་མཚེའུའི་ཐོག་ངང་ཁྲའི་ཁྱུ་ཚོགས་ཕར་འཕུར་ཚུར་འཕུར་བྱས་ནས་ཅི་དགར་རོལ་བཞིན་སྣང་།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚེའུའི་དར་ཁ་བཞུར་བའི་ཐད་དམངས་ཁྲོད་དུ“འཇམ་བཞུར”དང་“དྲག་བཞུར”ཞེས་ཤོད་སྲོལ་གཉིས་ཡོད། དྲོད་ཚད་རིམ་གྱིས་མཐོ་རུ་ཕྱིན་པ་དང་སྦྲགས་དར་རིམ་གྱིས་བཞུར་ཏེ་སྣང་བ་སྣང་གསང་མེད་པའི་ཁྲོད་དེ་སྔའི་མཛེས་སྡུག་གི་རྣམ་པ་མངོན་པ་དེར་“འཇམ་བཞུར”ཞེས་བརྗོད་པ་དང་། དཔྱིད་དུས་སུ་དྲོད་ཚད་མཐོ་རུ་ཕྱིན་པའི་ཐོག་དུས་རླུང་འདང་བའི་རྐྱེན་གྱིས་དར་བཞུར་འགོ་ཚུགས་པ་དང་། གནམ་གཤིས་རྒྱུན་ཆད་མེད་པར་དྲོ་རུ་ཕྱིན་ནས་ཆུ་དང་འཁྱགས་པའི་ནུས་པའི་འོག་མཐུག་སྲབ་ཆ་མི་སྙོམས་པའི་འཁྱགས་པ་དག་སྐད་ཅིག་ཉིད་དུ་སོ་སོར་བཞུར་ནས་འཁྱག་པ་རླུང་གིས་མཚོའི་ངོགས་སུ་འདེད་པ་དེར“དྲག་བཞུར”ཞེས་བརྗོད་ཀྱི་ཡོད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ལིའུ་པའོ་ཁང་གིས་འདི་ལོའི་མཚོ་སྔོན་པོའི་དར་ཁ་བཞུར་བ་དེ“འཇམ་བཞུར”ཁོངས་སུ་གཏོགས་ཡོད་ཅེས་བརྗོད་བྱུང་། “དར་གང་འདྲ་བྱས་ཏེ་བཞུར་ནའི། ང་ཚོ་འབྲོག་པའི་ངོས་ནས་བརྗོད་ན་ཚང་མ་བཀྲ་ཤིས་པའི་དོན་སྙིང་ཞིག་ཡིན། མཚོ་སྔོན་པོའི་དར་རྣམས་རྦད་དེ་བཞུར་སྐབས་ཁྲུང་ཁྲུང་སྐེ་ནག་དང་ངང་ཁྲ་སོགས་བྱ་རིགས་ཁྱུ་ཚོགས་དེར་ཡོང་གི་ཡོད། ང་ཚོས་ཀྱང་ཁ་ཁུ་སིམ་པོས་བྱ་རིགས་དེ་དག་གནས་དེར་སླེབས་རྒྱུ་སྒུག་ནས་བསྡད་ཡོད”ཅེས་ཝ་འཇོག་ཤང་མདའ་ཡུལ་གྲོང་ཚོའི་གྲོང་མི་རྒྱལ་མཚན་གྱིས་དེ་ལྟར་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།