འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་བའི་ལྡོག་མེད་ལོ་རྒྱུས།

    —— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་57འཁོར་བའི་སྐབས་སུ་བྲིས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ལྷ་སའི་ཁྲེང་ཀོན་ཆུས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་《བཀྲ་ཤིས་སྨར་ཁམས》འཁྲབ་སྟོན་བྱེད་པ།
    ལྷ་སའི་ཁྲེང་ཀོན་ཆུས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་《བཀྲ་ཤིས་སྨར་ཁམས》འཁྲབ་སྟོན་བྱེད་པ།
          དུས་རབས་ཕྱེད་ཀ་ལྷག་ཙམ་གོང་ཀྲུང་གོའི་བོད་ལྗོངས་ས་ཁུལ་དུ་ལོ་རྒྱུས་ལ་ཤུགས་རྐྱེན་ཐེབས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོ་བའི་ལས་འགུལ་ཞིག་བརྒྱུད་ཡོད། 1959ལོའི་ཟླ་3ཚེས་28ཉིན་ཙུང་ལི་ཀྲོའུ་ཨེན་ལེས་བཀའ་རྒྱར་མཚན་རྟགས་བཀོད་ནས་བོད་ས་གནས་སྲིད་གཞུང་མེད་པ་བཟོས་ནས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ཀྱི་འགན་དབང་ཡོངས་རྫོགས་སྤྱོད་དགོས་པའི་ཁྱབ་བསྒྲགས་གནང་བ་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་དུ་ལོ་བདུན་བརྒྱ་བརྒྱད་བརྒྱ་ཙམ་རྒྱུན་མཐུད་བྱས་པའི“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མཇུག་འགྲིལ་ནས་ཀྲུང་གོའི་མཐའ་མཚམས་བོད་ལྗོངས་ས་ཁུལ་གྱི་ཞིང་བྲན་དང་བྲན་གཡོག་རྣམས་ལ་རྦད་དེ་བཅིངས་འགྲོལ་ཐོབ་པ་དང་འབྲེལ་རང་ཁྱིམ་རང་བདག་བྱུང་ཡོད།
          བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་རྦད་དེ་བཅིངས་འགྲོལ་ཐོབ་པ་དེ་ནི་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་དང་ཐ་ན་འཛམ་གླིང་ཡར་ཐོན་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད། ཕྱོགས་རིས་ཀྱི་ལྟ་སྟངས་འཛིན་མཁན་མིན་ཕྱིན་ཚང་མས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་བའི་ལས་འགུལ་དེའི་ཡར་ཐོན་གྱི་དོན་སྙིང་ངོས་འཛིན་བྱེད་ཐུབ། ལོ་རྒྱུས་ཐོག་སྐབས་དེ་དུས་ཀྱི་ཀྲུང་གོའི་བོད་ལྗོངས་ས་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་གནས་ཚུལ་དག་འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་དུ་ཐེངས་མང་འདོན་མྱོང་ཡོད་པས་མི་ཚོས་ལམ་ལུགས་དེ་འདྲ་བ་མཇུག་འགྲིལ་དགོས་ངེས་ཡིན་པ་ཤེས་ཐུབ་ཡོད། གང་ལགས་ཤེ་ན། དེ་གོང་གི་ལོ་བརྒྱ་ཕྲག་ནང་ཡོ་རོབ་དང་། ཨུ་རུ་སུ། ཨ་རི། ལ་ཏིང་མེ་གླིང་སོགས་རྒྱལ་ཁབ་དང་ས་ཁུལ་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པའི་སྔ་དཔེ་ཡོད་པས་ཡིན། འཛམ་གླིང་ཐོག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་བའི་ལས་འགུལ་ཐེངས་མང་ལ་གཞིགས་ན་ཆབ་སྲིད་མཁས་ཅན་ནམ་ཡང་ན་ལོ་རྒྱུས་མཁས་ཅན་སུ་ཡིན་རུང་ཁ་ཚོན་གཅོད་པ་དང་ལུགས་མཐུན་གྱི་འགྲེལ་བཤད་བརྒྱབ་ཡོད། འོན་ཀྱང་འཛམ་གླིང་ཡར་ཐོན་གྱི་རླབས་རྒྱུན་དང་སྦྲགས་ཀྲུང་གོའི་བོད་ལྗོངས་ས་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་བའི་ལས་འགུལ་ལ་མི་ཁག་གཅིག་གིས་ད་དུང་དགེ་སྐྱོན་རྫོགས་རྒྱུ་མེད་པ་གླེང་གིན་ཡོད། ཀྲུང་གོའི་བོད་ལྗོངས་ས་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལོ་བདུན་བརྒྱ་ལྷག་ཙམ་གྱི་ཐོན་པ་དང་། འཕེལ་རྒྱས། ཉམས་རྒུད་བཅས་བརྒྱུད་དུས་རབས་ཉི་ཤུ་པར་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད།
         ཀུན་གྱིས་ཤེས་གསལ་ལྟར་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་ཡོ་རོབ་ཀྱི་དུས་རབས་བར་མའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་གདུག་རྩུབ་དེ་བས་ཆེ་བའི་ལམ་ལུགས་ངན་པ་ཞིག་ཡིན་པ་དང་སྤྱིའི་མི་འབོར་གྱི་5%ཡང་མི་ལོན་པའི་མངའ་བདག་ཆེན་པོ་གསུམ་གྱིས་བོད་ཀྱི་ས་ཞིང་དང་། རྩྭ་ཐང་། ནགས་རི། ཕྱུགས་ཟོག་བཅས་ཕལ་ཆེ་བ་བཟུང་བ་དང་འབྲེལ་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་གཞིས་ཀས་བཟུང་བའི་རྣམ་པར་བརྟེན་ནས་ཁོ་པ་ཚོར་ཞབས་འདེགས་ཞུ་གི་ཡོད། འོན་ཀྱང་སྤྱིའི་མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་རྣམས་ལ་རང་ཉིད་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ་སྤྱིར་ན་མེད་སྟབས་ཚེ་གང་མངའ་བདག་ཆེན་པོ་གསུམ་ལ་བརྟེན་རྒྱུ་ལས་ཐབས་གཞན་མེད་པ་དང་ཕ་ཚ་བུ་རྒྱུད་བར་བཀས་བཀོད་རྒྱུད་འཛིན་མངའ་བདག་གི་གདུག་རྩུབ་ཆེ་བའི་བཤུ་གཞོག་དང་གཉའ་གནོན་མྱོང་གི་ཡོད། མངའ་བདག་ཆེན་པོ་གསུམ་ལས་ཆོས་སྲིད་ཟུང་འབྲེལ་གྱི་དབང་སྒྱུར་སྲིད་དབང་གྲུབ་པ་དང་ཁོང་ཚོས་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆར་བརྟེན་ནས་ཁྲིམས་ར་དང་བཙོན་ཁང་སྒེར་བཙུགས་བྱས་ནས་ཞིང་བྲན་ལ་རྟ་ལྕག་གཞུ་བ་དང་། མིག་འབྲས་འདོན་པ། རྟིང་རྩ་གཅོད་པ། རྐང་ལག་གཅོད་པ་སོགས་ཀྱི་ཁྲིམས་ཆད་རྩུབ་པོ་གང་བྱུང་དུ་གཅོད་པ་དང་རང་དགར་ཞིང་བྲན་ཉོ་ཚོང་དང་བཀོད་སྒྲིག་བྱས་ནས་ངལ་རྩོལ་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕྲོག་ཡོད།
         བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་བོད་ཀྱི་དཔལ་འབྱོར་དང་རིག་གནས་ཡུན་རིང་འཕེལ་མེད་རང་སོར་ལུས་པ་དང་། ཐོན་སྐྱེད་ཉིན་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྲོ་བ། ལག་ཆ་ཐབས་ཆག ཐོན་སྐྱེད་ནུས་ཤུགས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་བཅས་ཀྱི་གནས་སུ་གྱར་ཡོད། ལམ་ལུགས་དེའི་འོག་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་དབར་རྣོ་ངར་གྱི་འགལ་ཟླ་དང་ཁ་གཏད་ལངས་པའི་རྣམ་པ་ཞིག་ཆགས་ཡོད། ལམ་ལུགས་དེའི་འོག་ཤེས་དཔལ་དང་ཡར་ཐོན་ལ་ལོག་སྤྱོད་ཀྱི་རྣམ་པ་ཐོན་པ་དང་ཆབ་སྲིད་དང་ཆོས་ལུགས་ཀྱི་འགན་ལེན་ཤུགས་ཆེན་ལ་བརྟེན་པའི་རིམ་པ་ནན་པོའི་འོག་མི་རྣམས་ཀྱི་སྤྱི་ཚོགས་གནས་བབ་དང་དཔལ་འབྱོར་འབྲེལ་བ་དེ་ཐོག་མ་ཉིད་ནས་ཡོད་པ་ལྟར་གྱི་ངོས་འཛིན་གྱི་ཡོད། ལམ་ལུགས་དེ་རིགས་འོག་གསོན་ཤུགས་གང་རུང་གི་སླར་ཡང་གསར་གཏོད་བྱེད་པའི་ནུས་པ་ཤོར་བ་དང་། ལམ་ལུགས་དེ་རིགས་ཀྱིས་མི་རྣམས་རིགས་གསུམ་དང་རིམ་པ་དགུར་ཕྱེ་བ་མ་ཟད། ཚན་རིག་ལག་རྩལ་འདྲེན་རྒྱུ་དང་ཚན་རྩལ་གསར་བརྗེ་ལ་ངོ་རྒོལ་བྱས་ཏེ་ལག་རྩལ་གསར་པའི་རྨང་གཞིའི་ཐོག་བཙུགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་དེ་ཆུ་ལོག་དང་གཅན་གཟན་གྱི་གོད་ཆག་ལྟ་བུར་བརྩི་བ་མ་ཟད། ཆོས་ལུགས་གོམས་སྲོལ་གྱི་ཁ་གཏད་དུ་བརྩིས་ཏེ་སྤྱི་ཚོགས་མདུན་སྐྱོད་ཀྱི་འཁོར་ལོ་དེ་ཆོས་ལུགས་ཀྱི་སྒོ་ཐེམ་འོག་ཏུ་བཞག་ཡོད། ལམ་ལུགས་ལ་བརྟེན་ནས་ངལ་རྩོལ་པའི་རང་དབང་ལ་ཚོད་འཛིན་བྱེད་པ་དང་ཞིང་བྲན་དང་བྲན་གཡོག་ལ་དཔལ་འབྱོར་ཐད་ནས་བཤུ་གཞོག་ཚད་མེད་གཏོང་བ་དང་། ཆབ་སྲིད་ཐད་ནས་གཉའ་གནོན་གཏོང་བ། ངལ་རྩོལ་གྱི་སྤྲོ་སེམས་ལ་བཙན་གནོན་དང་མནར་གཅོད་གཏོང་བ་བཅས་བྱེད་ཀྱི་ཡོད། འོན་ཀྱང་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་བདག་པོ་ནི་ཐོན་སྐྱེད་ནང་ཞུགས་མི་དགོས་པ་དང་བག་མེད་ཁོ་ནར་རོལ་ནས་སྡོད་པར་བརྟེན་ཐོན་སྐྱེད་ནུས་ཤུགས་སྣུམ་ཟད་མར་མེ་ལྟར་དུ་གྱུར་ཡོད། བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་དང་མཐོ་རིམ་སེར་མོ་བས་རང་ཉིད་ཀྱི་ཁེ་ཕན་ཤོར་དོགས་ལ་སྐྲག་པར་བརྟེན་བོད་ཀྱི་སྤྱི་ཚོགས་ལ་ཕྱིའི་ཤེས་དཔལ་དང་ལེན་བྱེད་པའི་ནུས་པ་མེད་ལ། ལམ་ལུགས་དེར་རང་གིས་རང་གསར་བརྗེས་བྱེད་པའི་ལམ་སྲོལ་ཡང་མེད། སྒོ་རྒྱག་གིས་ནང་ངོས་འཁོར་རྒྱུག་ཁོ་ནར་བརྟེན་ན་ལམ་ལུགས་དེ་རིགས་དེ་བས་གནས་ཐབས་བྲལ་བ་རེད།
         འོ་ན། མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་དུ་བཙུགས་ཟིན་པ་དང་རྒྱལ་ཡོངས་ས་ཁུལ་ཕལ་ཆེ་བ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་ཟིན་པའི་གནས་ཚུལ་འོག་བོད་འདི་ཉིད་ད་དུང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གནས་དོན་ཅི་ཡིན་ནམ། དེ་ནི་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་དོ་སྙོམས་མེད་པ་དེས་གཏན་འཁེལ་བྱས་ཤིང་། དོ་སྙོམས་མེད་པ་དེ་རིགས་ཀྱི་དབང་གིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་འཛིན་པར་རང་ཉིད་ཀྱིས་བཅོས་སྒྱུར་བྱ་རྒྱུའི་གོ་སྐབས་དང་ཆ་རྐྱེན་སྤྲད་ཡོད། 《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་གྱི་གྲོས་མཐུན་》(“གྲོས་མཐུན་དོན་ཚན་བཅུ་བདུན”)ནང“བོད་དང་འབྲེལ་བའི་བཅོས་སྒྱུར་བྱ་བར་ཀྲུང་དབྱང་གིས་བཙན་ཤེད་མི་བྱ་རྒྱུ་དང་། བོད་ས་གནས་སྲིད་གཞུང་གིས་རང་འགུལ་ངང་བཅོས་སྒྱུར་བྱེད་དགོས་ལ། མི་དམངས་ཀྱིས་བཅོས་སྒྱུར་བྱ་རྒྱུའི་རེ་བ་འདོན་སྐབས། བོད་ཀྱི་འགོ་ཁྲིད་མི་སྣ་དང་གྲོས་མོལ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པའི”གཏན་འབེབས་བྱས་ཡོད། བོད་ཀྱི་མཐོ་རིམ་ཁྲོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་རུ་ཚོགས་ཀྱིས་མི་རིགས་དང་ཆོས་ལུགས་སྤྱད་དེ་མང་ཚོགས་ལ་མགོ་སྐོར་གཏོང་བ་དང་མི་རིགས་འབྲེལ་བར་དཀྲུག་ཤིང་བརྒྱབ་སྟེ་ལམ་ལུགས་དེ་ནམ་ཡང་གནས་རྒྱུའི་ཀླད་རྙིང་མཁྲེགས་བཟུང་གི་ལངས་ཕྱོགས་དེར་འགྱུར་ལྡོག་ལས་སླ་པོར་གཏོང་མི་སྲིད་པ་དང་བོད་ལ་ཡུན་རིང་ལྷ་དབང་གི་དབང་སྒྱུར་དང་དེའི་ཤུགས་རྐྱེན་ཕོག་པར་བསམ་བློ་བཏང་སྟེ་མཐོ་རིམ་དང་ཡང་ན་སྤྱིར་བཏང་མང་ཚོགས་གང་ཡིན་ཡང་ངང་རྒྱུད་རིང་ལ་ཞིབ་ཚགས་ཀྱི་ལས་དོན་སྤེལ་ཡོད། མང་ཚོགས་དང་སྐུ་དྲག་དེ་བས་མང་བ་བརྩོན་ལེན་བྱ་ཆེད། ཀྲུང་དབྱང་གིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་རྒྱུ་དང་དམངས་གཙོའི་བཅོས་སྒྱུར་ལག་བསྟར་བྱ་རྒྱུའི་ཐད“གཟབ་བརླིང་བརྟན་སྐྱོད”ཀྱི་བྱེད་ཕྱོགས་སྤྱད་པ་དང་ཆབས་ཅིག་བོད་ཀྱི་ས་ཁུལ་དུ་ནོར་ཤུགས་དངུལ་ཤུགས་བཏང་སྟེ་གཞི་རྩའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་མི་དམངས་ཀྱི་དཀའ་སྡུག་གང་ཐུབ་ཅི་ཐུབ་ཀྱིས་སེལ་ཐུབ་པ་བྱས་ཡོད། ཞིང་བྲན་ཁྲི་ཚོ་བརྒྱས་ལོ་བརྒྱད་བབ་བལྟ་དང་། ལོ་བརྒྱད་བསྡུར་བ། ལོ་བརྒྱད་བསམ་བློ་བཏང་བ། ལོ་བརྒྱད་རེ་སྒུག་བཅས་བྱས་ཡོད། དམངས་ཚོགས་ཀྱི་གོ་རྟོགས་དང་ཀྲུང་གོའི་སྤྱི་ཚོགས་ཡར་རྒྱས་ཀྱི་རླབས་རྒྱུན་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོ་རྣམས་དངངས་སྐྲག་ལངས་ནས་མཐོ་རིམ་དབང་སྒྱུར་རུ་ཚོགས་ཀྱི་མི་ཉུང་ཤས་ཀྱིས་ཁོ་པ་ཚོས་ངོས་འཛིན་པའི་ཆེས་མཛེས་སྡུག་ལྡན་པའི་ཞིང་བྲན་ལམ་ལུགས་དེ་ནམ་ཡང་གནས་ཆེད། ངོ་ལོག་ཟིང་འཁྲུག་བསླངས་ནས་ཞིང་བྲན་ཁྲི་ཚོ་བརྒྱའི་རེ་བ་དང་ཡར་ཐོན་གྱི་ལོ་རྒྱུས་རླབས་རྒྱུན་ལ་འགོག་རྒོལ་བྱས་ཡོད། འོན་ཀྱང་སྤྱི་ཚོགས་ཡར་ཐོན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། བོད་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ལ་ཕྱོགས་པ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་རྒྱུ་བཅས་ཀྱི་རེ་བ་དྲག་པོ་དེ་དག་གིས་རྗེས་ལུས་ཀྱི་སྤྱི་ཚོགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཕྱོགས་སུ་འཁྲིད་རྒྱུའི་སྒུལ་ཤུགས་ཆེན་པོ་ཞིག་གྲུབ་ཡོད། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ཟིང་འཁྲུག་ལ་བལྟས་ནས་མི་སྡོད་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ངེས་པར་དུ་བཅིངས་འགྲོལ་གཏོང་དགོས་པ། “ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་རྒྱུ་བཅས་ལྡོག་མེད་ཀྱི་བྱ་བར་གྱུར་ཟིན།
         བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པས། ཞིང་བྲན་ཁྲི་ཚོ་བརྒྱར་རང་ཉིད་ལ་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་བདག་པ་དང་ངལ་རྩོལ་པས་རང་ལ་བདག་པའི་རྨོ་ཞིང་དང་འབྲོག་རའི་ནང་ངལ་རྩོལ་བྱེད་པ་དང་ལོ་ལེགས་བྱུང་བ་དང་འབྲེལ་ཐོན་སྐྱེད་རྒྱུ་ཆ་དང་འཚོ་བའི་རྒྱུ་ཆ་རང་དགར་སྤྱོད་པའི་དབང་ཆ་ཐོབ་ཡོད། སྤྱི་ཚོགས་ལམ་ལུགས་ལ་འགྱུར་ལྡོག་བྱུང་བ་དེས། བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོས་ཞིང་འབྲོག་པར་བཤུ་གཞོག་གཏོང་བའི་སྐྱེད་ལྕིའི་བུ་ལོན་མེད་པ་བཟོས་པ་དང་འཚོ་བའི་རྒྱུ་ཆ་མེད་པའི་ཞིང་བྲན་ལ་འབྲུ་རིགས་དང་ཐོན་སྐྱེད་ལག་ཆ་རག་ཡོད། སྐབས་དེ་དུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ལྷོ་ཁ་དང་། རྒྱལ་རྩེ། ལྷ་ས། གཞིས་རྩེ་སོགས་ལ་སྐྱེད་ལྕིའི་བུ་ལོན་གྱི་འབྲུ་རིགས་སྤྱི་རྒྱ་དུང་ཕྱུར་1.19མེད་པ་བཟོས་པ་དང་འབྲུ་རིགས་སྤྱི་རྒྱ་ཁྲི་36.4ཡི་སྐྱེད་ཀ་ཉུང་དུ་བཏང་བ། ཆགས་ས་བརྟེན་ས་མེད་པའི་བྲན་གཡོག་ཁྲི་2ལྷག་ཙམ་ལ་སྡོད་ཁང་བགོས་པ་དང་འབྲེལ་བཟའ་འབྲུ་སྤྱི་རྒྱ་ཁྲི་252རག་ཡོད། བཟའ་འབྲུ་ཆད་པའི་ཞིང་བྲན་ཁྲི་45ལ་འབྲུ་རིགས་སྤྱི་རྒྱ་དུང་ཕྱུར་1.5རག་ཡོད། དེ་སྔ་ཆགས་ས་བརྟེན་ས་མེད་པ་དང་བཟའ་འབྲུ་མེད་པའི་རྒྱ་ཆེའི་ཞིང་བྲན་ལ་ཐོན་སྐྱེད་ཀྱི་རྒྱུ་ཆ་དང་འཚོ་བའི་རྒྱུ་ཆ་རག་ནས་དུས་དེ་ནས་བཟུང་བོད་ཀྱི་མི་དམངས་ལ་གཞི་རྩའི་འཚོ་གནས་ཀྱི་དབང་ཆ་ཐོབ་ཡོད། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོས་སྲིད་དབང་སྒེར་གཅོད་བྱེད་པའི་ཆབ་སྲིད་དབང་ཆ་མེད་པ་བཟོས་པ་དང་འབྲེལ་མི་དམངས་མང་ཚོགས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དང་ལྷག་དོན་དུ་མི་རིགས་ས་ཁོངས་རང་སྐྱོང་སྲིད་དབང་བཙུགས་ཚུན་བོད་དུ་རང་ལོ་ཧྲིལ་པོ་18ལ་སླེབས་པའི་སྤྱི་དམངས་ཡིན་ཕྱིན། མི་རིགས་དང་། རིགས་རྒྱུད། སྐྱེས་ཕོ་མོ། ལས་རིགས། ཐོབ་ཐང་། དད་པ། སློབ་གསོའི་ཆུ་ཚད། རྒྱུ་ནོར་གྱི་གནས་ཚུལ། སྡོད་ཡུན་རིང་ཐུང་བཅས་ལ་མི་བལྟོས་པར་འདེམས་བསྐོའི་དབང་ཆ་དང་གདམས་བྱའི་དབང་ཆ་ལོངས་སུ་སྤྱོད་ཐུབ་པ་བྱུང་ནས་བོད་ཀྱིས་མི་ཚང་མ་སྐྱེས་པ་ནས་བཟུང་འདྲ་མཉམ་ཡིན་པའི་དུས་རབས་དང་པོ་དེ་བསུས་ཡོད།
         བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ་པ་དང་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ལོ་བདུན་བརྒྱ་ལྷག་ཙམ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བསྡོམས་འབོར་ལས་བརྒལ་ཞིང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་པ་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་ཧ་ཅང་དབུལ་པོ་ཡིན། ཞིང་ལས་ནི་སོན་ལག་པས་གཤོ་བ་དང་ཕྱུགས་བཅག་སྐོར་བ་སོགས་གདོད་མའི་རྨོ་འདེབས་ཀྱི་བྱེད་ཐབས་ཐོག་གནས་པ་དང་འབྲོག་ལས་ཀྱི་ཕྱུགས་རིགས་སྣ་ཁ་རྐྱང་པ་དང་། རྩྭ་ར་ཞན་འགྱུར། ཕྱུགས་རིགས་ཀྱི་རིམས་ནད་ཁྱབ་ཆེ་བ། གཅན་གཟན་གྱི་གནོད་འཚེ་ཆེ་བ། ཕྱུགས་རིགས་གསོན་ཚད་དམའ་བ་བཅས་མི་རྣམས་ཀྱིས་རང་བྱུང་གནོད་འཚེར་ག་བྱེད་འདི་བྱེད་མེད་པར་གྱུར་ཡོད། ཐོན་སྐྱེད་ནུས་ཤུགས་ཞན་པའི་དབང་གིས་ཉོ་ཚོང་བྱ་ཐབས་ཀྱང་དངོས་པོ་བརྗེ་རེས་ཀྱི་གདོད་མའི་ཆུ་ཚད་ཁོ་ནའི་ཐོག་གནས་ཡོད།
         དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་དུས་འགོའི་བར་བོད་དུ་ད་དུང་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་མེད་པ་དང་དངོས་ཟོག་དབོར་འདྲེན་བྱེད་སྐབས་ཚང་མ་མི་ཕྱུགས་ལ་བརྟེན་དགོས་ཀྱི་ཡོད། དེང་རབས་ཀྱི་དོན་སྙིང་ལྡན་པའི་གཏེར་ལས་དང་། གློག་ཤུགས། གློག་འཕྲིན། ནུས་རྒྱུ། བཟོ་སྐྲུན། འཕྲུལ་ཆས་ལྷུ་ལག་ཉམས་བཟོ་སོགས་ཀྱི་བཟོ་ལས་མེད་ལ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གསོ་དེ་བས་མེད། གྲོང་ཁྱེར་འཛུགས་སྐྲུན་ཧ་ཅང་རྗེས་ལུས་ཡིན་པ་དང་ལྟེ་བའི་གྲོང་ཁྱེར་ལྷ་སའི་རྒྱ་ཁྱོན་ཡང་སྤྱི་ལེ་ངོས་གྲུ་སྤྱི་ལེ་2.8ལས་མེད་པ་མ་ཟད། སྡོད་ཁང་གོག་ཧྲུལ་དང་། ཁྲོམ་གཞུང་ཟང་ཟིང་། སྤྲང་པོ་མང་བ་བཅས་ཡོད། “གྲོས་མཐུན་དོན་ཚོན་བཅུ་བདུན”ལག་བསྟར་བྱས་པའི་ལོ་བརྒྱད་ནང་བོད་སྐྱོད་བཅིངས་འགྲོལ་དམག་དང་ལས་དོན་མི་སྣས་འབད་བརྩོན་ཧུར་ཐག་བྱས་མོད། འོན་ཀྱང་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་བདག་པོས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་འགྱུར་ལྡོག་སྤུ་ཙམ་ཡང་གཏོང་དུ་བཅུག་མེད། 1959ལོར་སླེབས་ཀྱང་བོད་དུ་མི་འབོར་ཁྲི་122ལས་མེད་པ་དང་། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.88ལས་མེད་པ། མི་རེའི་ཆ་སྙོམས་འབྲུ་རིགས་ཀྱང་སྤྱི་རྒྱ་153.8ལས་མེད་པ། ལོ་འཁོར་དུ་གློག་གཏོང་ཚད་ཆན་ཝ་ཁྲི་88ལས་ཟིན་གྱི་མེད་པ། བཟོ་ལས་ཐད་རླངས་འཁོར་ལྷུ་ལག་ཉམས་བཟོ་ཉུང་ཉུང་ལས་མེད་པ། གཞུང་ལམ་ཡང་ཁྲོན་བོད་དང་མཚོ་བོད་ཀྱི་སེག་མའི་གཉིས་ལས་མེད། སློབ་གསོ་དང་འཕྲོད་བསྟེན་སྔར་བཞིན་ཧ་ཅང་རྗེས་ལུས་ཡིན་པ་དང་ལྷ་ས་སློབ་འབྲིང་དང་། ལྷ་ས། ཆབ་མདོ། གཞིས་རྩེ། རྒྱལ་རྩེ། ལྷོ་ཁ་སོགས་སུ་སློབ་ཆུང་འགའ་ཞིག་དང་དེ་བཞིན་ལྷ་ས་དང་། ཆབ་མདོ། གཞིས་རྩེ་སོགས་སུ་གཞི་ཁྱོན་ཆེན་པོ་མེད་པའི་སྨན་ཁང་འགའ་ཞིག་ལས་མེད། བོད་ཀྱི་དེང་རབས་ཐོན་ལས་ཀྱི་ཁྱབ་ཁོངས་ཕལ་ཆེ་བ་སྟོང་པར་ལུས་ཡོད།
         བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་རྗེས་མི་དམངས་མང་ཚོགས་ཀྱི་ངལ་རྩོལ་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ཧ་ཅང་ཆེ་རུ་ཕྱིན་ནས་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་1960ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་205934ཟིན་ནས་1959ལོ་ལས་12.6%འཕར་བ་དང་འབྲེལ་ཕྱུགས་རིགས་མགོ་གྲངས་ཁྲི་1050ཟིན་པ་དེ་1959ལོ་ལས་10%འཕར་ཡོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་རྗེས་ཀྱི་དུས་རབས་ཕྱེད་ཀ་ལྷག་ཙམ་ནང་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2015ལོར་བོད་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1026.39ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25457ཟིན་པ། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244བཅས་ཟིན་ཡོད། སྣུམ་ནག་ལམ་དང་རིམ་མཐོའི་གཞུང་ལམ་ཚུད་པའི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་7.8ཟིན་པ་དང་སྐྲུན་བཞིན་པའི་ལྕགས་ལམ་དང་དེ་བཞིན་གཉེར་སྐྱོང་ལམ་ཚད་ཁག་སོ་སོར་སྤྱི་ལེ་1100དང་700ལྷག་ཙམ་ཟིན་པ་དང་གནམ་ཐང་5བསྐྲུན་པ་དང་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་63མང་དུ་བཏང་བ་དང་གྲོང་ཁྱེར་40ལ་གནམ་གྲུ་ཤར་གཏོང་ཐུབ་ཡོད། ཞིང་འབྲོག་ཁུལ་དུ་འཐུང་ཆུ་དང་གློག་མེད་ས་ཁུལ་དུ་གློག་གི་གནད་དོན་སྤྱིར་ན་ཐག་གཅོད་ཐུབ་པ་དང་ཤང་དང་གྲོང་རྡལ་དུ་འོད་སྐུད་འཁྲིད་ཚད་དང་། སྦྲག་སྲིད་ཤར་གཏོང་ཐུབ་ཚད། སྲིད་འཛིན་གྲོང་ཚོར་ཁ་པར་ཤར་གཏོང་ཐུབ་ཚད་བཅས་ཚང་མ་100%ཟིན་ཡོད་ལ། ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་99.7%དང་99.2%སོ་སོར་ཟིན་ཡོད། བོད་ཀྱི་སློབ་གསོ་དེ་མཐོ་རིམ་དང་། སློབ་འབྲིང་། དམའ་རིམ་སོགས་དང་ལས་རིགས་སློབ་གསོ་དང་སློབ་ཞུགས་གོང་གི་སློབ་གསོ་བཅས་ཆ་ཚང་བའི་དེང་རབས་ཅན་གྱི་སློབ་གསོའི་མ་ལག་ཆགས་ཟིན་པ་དང་སློབ་ལོ་ལོན་པའི་བྱིས་པ་ཚང་མ་སློབ་གྲྭར་བསྐྱོད་ནས་དེང་རབས་ཅན་གྱི་སློབ་གསོ་དང་ལེན་བྱེད་ཐུབ་པ་བྱུང་བ་དང་འབྲེལ་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་ཡོད། བོད་དུ་གྲོང་ཁྱེར་(ས་ཁུལ)དང་། རྫོང་། ཤང་། གྲོང་གསེབ་བཅས་རིམ་པའི་སྨན་བཅོས་འཕྲོད་བསྟེན་དང་རིག་གནས་ཞབས་ཞུ་ཀུན་ལ་ཁྱབ་པ་དང་། ཤང་ཚང་མར་འཕྲོད་བསྟེན་ཁང་ཡོད་པ། གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་བཅས་དང་མང་ཚོགས་སྒྱུ་རྩལ་ཁང་དང་། རིག་གནས་ཁང་། དཔེ་དེབ་ཁང་། བརྙན་འཕྲིན་དང་རླུང་འཕྲིན་བཅས་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པ་དང་ལྗོངས་ཡོངས་ཀྱི་གྲོང་མི་ཚང་མར་སྨན་བཅོས་རིག་གནས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་གཙང་ཆུའི་ཆུ་འགོའི་སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་བསྐྲུན་པ་དང་ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར་དུ་གྱུར་བ་དང་འབྲེལ་ལྷོ་ཁ་དང་ཉིང་ཁྲི་ཡང་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་དཔེ་སྟོན་ཁུལ་ཁག་དང་པོའི་ནང་ཚུད་པ་དང་སྣོད་བཅུད་སྲུང་སྐྱོང་གི་ནུས་པ་ཁག་གི་འཛུགས་སྐྲུན་ཡང་རྩ་བའི་ཆ་ནས་དེང་རབས་ཅན་གྱི་ཆུ་ཚད་དུ་སླེབས་ཡོད།
         ད་ཆ་བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་ལོ་རྒྱུས་ཀྱི་ཆ་ཤས་སུ་གྱུར་ཟིན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་དམངས་ཡོངས་ཀྱིས་དེང་རབས་ཅན་གྱི་འཚོ་བ་ལོངས་སུ་སྤྱོད་བཞིན་པའི་བོད་ལྗོངས་གསར་པ་ཞིག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད། བོད་གསར་པར་དེ་སྔ་ཕྱོགས་ཞེན་འཛིན་མཁན་མི་རྣམས་ཀྱིས་འགྱུར་ལྡོག་དེ་རིགས་མཐོང་ཚེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་མ་བཟོས་གོང་དང་བཟོས་རྗེས་ཀྱི་བསྡུར་བའི་ཁྲོད་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་རྒྱུའི་ལོ་རྒྱུས་ཀྱི་ལྡོག་མེད་དེ་དངོས་འབྲེལ་ཤེས་ཐུབ། ༼ རྩོམ་པ་པོ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཞིབ་འཇུག་པ། ༽
    ཁྲེང་ཀོན་ཆུས་ཞོལ་པ་ལྷ་མོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་《བཀྲ་ཤིས་གཞས་ཆེན་》འཁྲབ་སྟོན་བྱེད་པ།
    ཁྲེང་ཀོན་ཆུས་ཞོལ་པ་ལྷ་མོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་《བཀྲ་ཤིས་གཞས་ཆེན་》འཁྲབ་སྟོན་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།