འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་བདེ་སྲུང་བཅའ་ཁྲིམས་གསར་པ་དངོས་སུ་ལག་བསྟར་
    བྱེད་པར་ཁ་རྡུང་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན་རི་པིན་གྱི་བདེ་སྲུང་བཅའ་ཁྲིམས་གསར་པ་དངོས་སུ་ལག་བསྟར་བྱས་པ་དེ་ཐོག་ནས་རི་པིན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ལག་ལེན་བསྟར་བའི“སྲུང་གཙོ་འགོག་སྲུང”སྲིད་ཇུས་དོར་བ་དང“ཞི་བདེའི་རྩ་ཁྲིམས”དེ་མིང་ཙམ་དུ་འགྱུར་བ་མཚོན་ཡོད། དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་རི་པིན་གྱི་བདེ་སྲུང་སྲིད་ཇུས་ཐད་ཀྱི་འགྱུར་ལྡོག་ཆེ་ཤོས་ཤིག་ཡིན་པས་རི་པིན་གྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་ཁ་རྡུང་ཕོག་པ་རེད།
         《ཀྲའོ་རི་གསར་འགྱུར་》གྱིས་ཚེས་29ཉིན་ཆེད་བརྗོད་སྤེལ་ནས་བདེ་སྲུང་བཅའ་ཁྲིམས་གསར་པ་དངོས་སུ་ལག་བསྟར་བྱས་པ་དེ་ནི་རི་པིན་གྱི་རྩ་ཁྲིམས་འཛུགས་པའི་རིང་ལུགས་པར་ཉམས་ཉེན་བཟོས་པ་ཞིག་ཡིན་པས་རྒྱུན་གཏན་མིན་པའི་གནས་ཚུལ་དེ་རིགས་རང་དགར་འཇོག་མི་རུང་བ་དང་ངེས་པར་དུ་རྒྱལ་དམངས་ཀྱི་རྒྱ་ཁྱབ་མོས་མཐུན་ཐོབ་མེད་པའི“རྩ་ཁྲིམས་ལས་འགལ་བའི”བཅའ་ཁྲིམས་དེར་བཟོ་བཅོས་རྒྱག་དགོས་ཞེས་བསྟན་པ་རེད།
         《ཐོ་ཁེའོ་གསར་འགྱུར་》གྱི་ཆེད་བརྗོད་ནང་འཛམ་གླིང་དམག་ཆེན་གཉིས་པར་རང་སྐྱོན་རང་བརྟག་བྱ་ཆེད་རི་པིན་གྱིས་དམག་འཁྲུག་རྗེས་སུ“ཞི་བདེའི་རྩ་ཁྲིམས”བཀྲམ་ནས་དམག་འཁྲུག་སྤོང་བའི་ཁྱབ་བསྒྲགས་བྱས་པ་དང་རི་པིན་སྲིད་གཞུང་གིས་ཀྱང་དམག་འཁྲུག་རྗེས་སུ“སྲུང་གཙོ་འགོག་སྲུང”སྲིད་ཇུས་ལག་བསྟར་བྱས་ཏེ་མཉམ་སྡེབ་རང་སྲུང་དབང་ཆ་བཀག་སྡོམ་བྱས་པ་རེད། འོན་ཀྱང་ཨན་པེ་སྲིད་གཞུང་གིས་བདེ་སྲུང་བཅའ་ཁྲིམས་བཙན་ཤེད་ངང་གྲོས་འཆམ་བྱས་ནས་མཉམ་སྡེབ་རང་སྲུང་དབང་ཆ་ལག་བསྟར་བྱེད་པར་ལམ་བུ་ཤར་གཏོང་བྱས་སྟབས“སྲུང་གཙོ་འགོག་སྲུང”གི་སྲིད་ཇུས་ཀྱི་ངོ་བོར་འགྱུར་ལྡོག་སོང་ཡོད། ད་བར་རང་སྲུང་དཔུང་སྡེ་དེ་བཅའ་ཁྲིམས་ཐད་ནས“དམག་འཁྲུག་རྒྱག་ཆོག་པའི”སྒྲིག་འཛུགས་ཤིག་ཏུ་འགྱུར་བ་དང་རི་པིན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་གྲགས་ཅན་མི་སྣ་ཝ་ཏའོ་ཁྲེང་དབྱི་ལང་གིས་རི་པིན་དམག་འཁྲུག་ནང་ཚུད་བཟོ་ཡོད་ཚེ་ངེས་པར་དུ་ཕྱིར་ལྡོག་བྱེད་དགོས། དེ་ལྟར་མ་བྱས་ཚེ་སླར་ཡང་དམག་འཁྲུག་གི་དུས་རབས་འཆར་སྲིད་ཅེས་གསུངས་ཡོད་པ་བསྟན་ཡོད།
         《ཉིན་རེའི་གསར་འགྱུར་》གྱི་ཆེད་བརྗོད་ནང་བདེ་སྲུང་བཅའ་ཁྲིམས་གསར་པ་དངོས་སུ་ལག་བསྟར་བྱས་པ་དེ་ཐོག་ནས་རང་སྲུང་དཔུང་སྡེས་མཉམ་སྡེབ་རང་སྲུང་དབང་ཆ་སྤྱོད་ཆོག་པ་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་རྒྱལ་ཁབ་གཞན་དག་གི་དམག་དཔུང་ལ་རོགས་སྐྱོར་བྱས་ཆོག་པ་མཚོན་ཡོད། བདེ་སྲུང་བཅའ་ཁྲིམས་གསར་པ་རྩ་ཁྲིམས་ལས་འགལ་བས་སྲིད་དབང་བཟུང་མེད་པའི་ཏང་གིས་ཁྲིམས་དོན་གྲོས་གཞི་ཕུལ་ནས་བཅའ་ཁྲིམས་དེ་མེད་པ་བཟོ་རྒྱུའི་བླང་བྱ་བཏོན་པས་ཨན་པེ་སྲིད་གཞུང་གིས་དེར་ཨ་ལན་སློག་དགོས་པ་བསྟན་པ་དང་བདེ་སྲུང་བཅའ་ཁྲིམས་གསར་པའི་འབྲེལ་ཡོད་གྲོས་བསྡུར་ད་དུང་མཇུག་འགྲིལ་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།