འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་ལོམ་པི་ཡ་བ་ཞིག་གི་མིག་ནང་གི་ཤར་ཕྱོགས་ཀྱི་རིག་གནས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་མཚོན་བྱེད་ཀྱི་དུར་རྫས་རྫ་བཟོས་གྱད་རྟའི་ཚོན་ཁྲའི་གློག་བཞུ་འགྲེམས་སྟོན་དེ་ཉེ་ཆར་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐར་མཇུག་འགྲིལ་ཞིང་། དུས་ཡུན་གཟའ་འཁོར་གཉིས་ཀྱི་འགྲེམས་སྟོན་དེ་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་རིག་གནས་སྤེལ་རེས་བྱེད་པའི་གསོལ་སྟོན་གཟབ་རྒྱས་ཤིག་ཡིན་པ་དེས་ཀྲུང་གོར་རྒྱུས་མངའ་དེ་ཙམ་ཆེན་པོ་མེད་པའི་གླིང་ཆེན་ཨ་མེ་རི་ཀ་ལྷོ་མས་ཀྲུང་གོའི་རིག་གནས་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་ཡོད།
          ཀུའུ་སི་ཐ་ཝོ·མ་ཁོ་སི་ནི་ཁོ་ལོམ་པི་ཡ་བ་དེ་ལྟ་བུ་ཞིག་ཡིན། ད་ལོ་ལོ་58ལ་སླེབས་པའི་མ་ཁོ་སི་ནི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་ཟླ་3ཚེས་13ཉིན་གྱི་ཚོན་ཁྲའི་གློག་བཞུ་འགྲེམས་སྟོན་འགོ་ཚུགས་མཛད་སྒོའི་ཐོག་ཁོང་དང་ནང་མི་བཅས་མཉམ་དུ་ཚོན་ཁྲའི་གློག་བཞུའི་འགྲེམས་སྟོན་གཉེར་ཡུལ“93སྤྱི་གླིང”དུ་སླེབས་པ་རེད།
         “ཀྲུང་གོའི་སྒྱུ་རྩལ་པས་གསར་རྩོམ་བྱས་པའི་དུར་རྫས་རྫ་བཟོས་གྱད་རྟའི་ཚོན་ཁྲའི་གློག་བཞུ་ལས་མི་རྣམས་ཧ་ལས་པ་དང་ཚོན་ཁྲའི་གློག་བཞུ་དེ་དག་གིས་ཀྲུང་གོའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་མཚོན་ཡོད”ཅེས་མ་ཁོ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད།
         “དུར་རྫས་རྫ་བཟོས་གྱད་རྟའི་ཚོན་ཁྲའི་གློག་བཞུ་འགྲེམས་སྟོན་ལས་ལོ་བཅུའི་གོང་ང་རང་ཁོ་ལོམ་པི་ཡའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་དུར་རྫས་རྫ་བཟོས་གྱད་རྟའི་དངོས་ཤུལ་འགྲེམས་སྟོན་བྱས་པར་ལྟ་བ་དེ་བསམ་བློ་འཁོར་བྱུང”“ང་ཚོ་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་དེ་རིགས་དེ་བས་མང་བ་བྱུང་ན་བསམ་གྱི་འདུག”ཅེས་མ་ཁོ་སིས་བཤད།
         མ་ཁོ་སིས་2006ལོར་ཁོ་ལོམ་པི་ཡའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པའི་དུར་རྫས་རྫ་བཟོས་གྱད་རྟའི་རིག་དངོས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཤིང་། སྐབས་དེ་དུས་འགྲེམས་སྟོན་ཁྲོད་རིག་དངོས་ཁག་73འགྲེམས་སྟོན་བྱས་པ་དེའི་ནང་དུར་རྫས་རྫ་བཟོས་གྱད་རྟ་6དང་། ཟངས་ཀྱི་ཤིང་རྟ་འཁོར་ལོ་1དེ་བཞིན་ཆིན་རྒྱལ་རབས་ཀྱི་བཟོ་སྐྲུན་གྱི་ཆ་ལག ལིའི་མཚོན་ཆ་སོགས་ཚུད་ཡོད་པ་རེད།
         ཁོ་ལོམ་པི་ཡར་ད་ཐེངས་ཀྱི་ཚོན་ཁྲའི་གློག་བཞུ་འགྲེམས་སྟོན་བྱས་པ་དེ་ནི་2016ལོའི“ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་རིག་གནས་སྤེལ་རེས་ལོའི”བྱེད་སྒོའི་ཆ་ཤས་ཤིག་ཡིན་ཞིང་། དུས་ཡུན་ལོ་གཅིག་ནང་ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་30ཙམ་དང“ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་རིག་གནས་སྤེལ་རེས་ལོའི”སྒྲོམ་གཞིའི་འོག“ཕྱིར་སྐྱོད་པ”དང“གདན་དྲངས་པ”ཟུང་འབྲེལ་བྱེད་པའི་བྱ་ཐབས་ཐོག་ནས་འཁྲབ་སྟོན་དང་། འགྲེམས་སྟོན། གླེང་སྟེགས། གློག་བརྙན་སྟོན་པ། དཔེ་དེབ་ལྟ་བའི་དུས་ཆེན་སོགས་རྣམ་པ་སྣ་ཚོགས་ཀྱི་རིག་གནས་སྤེལ་རེས་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཕན་ཚུན་ཤེས་དཔལ་སློབ་སྦྱོང་བྱེད་པ་བརྒྱུད་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་མཛའ་མཐུན་ཟབ་ཏུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།