འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་རིགས་གཅིག་མཁས་པས་ཀྲུའུ་ཞི་ཞིས་ཅིན་ཕིང་སྐབས་བཞི་པའི་ཉིང་རྡུལ་བདེ་འཇགས་
    དབུ་ཚོགས་སུ་ཕེབས་རྒྱུའི་རེ་སྒུག་ཆེན་པོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུའུ་ཞི་ཞིས་ཅིན་ཕིང་སྐབས་བཞི་པའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་སུ་ཕེབས་གྲབས་ཡོད་པའི་དུས་སུ་འདི་ག་ཚགས་པར་གྱི་གསར་འགོད་པས་བདེ་འཇགས་ཁྱབ་ཁོངས་ཀྱི་ཨ་རིའི་རིགས་གཅིག་མཁས་པར་བཅར་འདྲི་ཞུས་པ་ཡིན། རིགས་གཅིག་མཁས་པ་ཚོས་ཀྲུའུ་ཞི་ཞིས་ཅིན་ཕིང་སྐབས་བཞི་པའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་སུ་ཕེབས་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། དབུ་ཚོགས་ཐོག་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཏེ་ཁེ་ས་སེ་སློབ་ཆེན་གྱི་ཏ་ལ་སེ་ཡན་ལག་སློབ་གྲྭར་དགེ་རྒན་གནང་མྱོང་བའི་ནུས་ཁུངས་ཀྱི་གནད་དོན་དབྱེ་ཞིབ་པ་འབུམ་རམས་པ་ཁེ་ལེ་སི་ཐོ་ཕུའུ·པའེ་ཁེ་ཡིས་འདི་ག་ཚགས་པར་གྱི་་གསར་འགོད་པར་ཉིང་རྡུལ་བདེ་འཇགས་ཐད་ཀྱི་ཤེས་ལྡན་པ་ཕན་ཚུན་གསོ་སྦྱོང་ལ་ཆ་མཚོན་ན། ཉིང་རྡུལ་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རིར་ཉིང་རྡུལ་སྒྲིག་བཀོད་འབོར་ཆེན་ཡོད། གལ་ཏེ་ཕྱོགས་གཉིས་པོས་རིག་ལམ་ཁྱབ་ཁོངས་དང་། ཚོང་དོན་ལས་རིགས། སྲིད་འཛིན་ལས་རིགས་སོགས་སུ་ཉིང་རྡུལ་བདེ་འཇགས་ཐད་མཉམ་ལས་བྱེད་པ་དང་ཆབས་ཅིག་ཉིང་རྡུལ་བདེ་འཇགས་དེ་མཉམ་ལས་ཀྱི་གཙོ་གནད་ཅིག་ཏུ་བརྩི་ན་འཛམ་གླིང་ཐོག་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་རྒྱུ་རེད། ཉེ་དུས་ཀྲུང་གོ་དང་ཨ་རིས་པེ་ཅིང་དུ་བེད་སྤྱོད་གཏོང་འགོ་ཚུགས་པའི་ཉིང་རྡུལ་བདེ་འཇགས་དཔེ་སྟོན་ལྟེ་གནས་དེ་ནི་དཔེ་མཚོན་ཡག་པོ་ཞིག་རེད། དེ་གོང་གླེང་ཕྱོགས་ཀྱི་དོ་ཁུར་དེ་ཙམ་མ་ཐོབ་པ་མ་གཏོགས་དོན་དངོས་ཐོག་ཀྲུང་ཨས་དེའི་ཐད་མཉམ་ལས་མང་པོ་བྱས་ཡོད། དཔེ་སྟོན་ལྟེ་གནས་དེ་ལས་སྤྱི་དམངས་ཀྱིས་དེའི་ཐད་ཀྱི་མཉམ་ལས་ནང་དོན་སྔར་བས་ཟབ་མོ་ཤེས་རྒྱུ་རེད། གཞན་ཡང་ཀྲུང་གོ་དང་ཨ་རི་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཇལ་འཛོམས་རབ་དང་རིམ་པ་བྱ་རྒྱུ་རེད། ས་ཁུལ་གྱི་དཔལ་འབྱོར་དང་ལྷོ་རྒྱ་མཚོ་སོགས་ཀྱི་གནད་དོན་ཐད་ཀྱི་འབྲེལ་གཏུག་དང་། སྤེལ་རེས། ཤེས་རྟོགས་བཅས་ལས་རྒྱལ་ཁབ་ཁག་ལ་ཐུན་མོང་གི་ངོས་འཛིན་ཡོང་རྒྱུར་ཕན་པ་ཡོང་བ་དང་གནད་དོན་ཐག་གཅོད་ཐུབ་ཐབས་བྱེད་པའི་ཕྱོགས་ཁག་གི་ཇུས་གཞིར་སྐུལ་འདེད་ཐེབས་རྒྱུ་རེད། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ཁྲོམ་རའི་ནང་ཀྲུང་གོས་གནས་བབ་གལ་ཆེན་བཟུང་ཡོད། ཕྱི་རྒྱལ་གྱི་ཉིང་རྡུལ་ནུས་པའི་ཐད་ཀྲུང་གོའི་གལ་ཆེན་རང་བཞིན་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན། དེས་ན་ཀྲུང་གོ་དང་ཨ་རིའི་དབར་སྐད་ཆ་ཡག་པོ་བྱ་རྒྱུ་དེ་ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཞིག་ཡིན་ཞེས་གསུངས་པ་རེད།
         ཁ་ནེ་ཅི་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ལྷན་ཚོགས་ཉིང་རྡུལ་སྲིད་ཇུས་རྣམ་གྲངས་ཀྱི་མཉམ་འབྲེལ་ཀྲུའུ་རེན་ཀྲེན་མུ་སི·ཨ་ཁེ་ཏུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་ཉིང་རྡུལ་བདེ་འཇགས་དབུ་ཚོགས་ཚོགས་དོན་ནི་ཉིང་རྡུལ་རྒྱུ་ཆ་མི་གྱར་བ་བྱེད་པ་དང་ལྷག་པར་དུ་འཇིགས་སྐུལ་རིང་ལུགས་པར་ཉེན་ཁ་ཆེ་བའི་ཉིང་རྡུལ་རྒྱུ་ཆ་དེ་རིགས་རག་ཏུ་གཏན་ནས་མི་འཇུག་པའི་ཆེད་དུ་རེད། འདས་ཟིན་པའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་ཐེངས་གསུམ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། ད་ཆ་མཚོན་ཆ་རིམ་པའི་ཉིང་རྡུལ་རྒྱུ་ཆ་ཐག་གཅོད་བྱེད་པའི་ཐད་གྲུབ་འབྲས་ཐོན་པའི་ཡིག་ཆ་མང་པོ་ཞིག་གཏན་འབེབས་བྱུང་ཡོད། རྒྱལ་སྤྱིའི་ཉིང་རྡུལ་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ཡོད་ལ་ཉིང་རྡུལ་རྒྱུ་ཆར་དོ་དམ་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ཉིང་རྡུལ་བདེ་འཇགས་དབུ་ཚོགས་ནང་མ་ཞུགས་ན་འགྲིག་ཐབས་མེད། ད་ཆ་ཀྲུང་གོ་ནི་ཉིང་རྡུལ་བཟོ་ལས་རྒྱལ་ཁབ་ཆེན་པོ་ཞིག་རེད། ཀྲུང་གོའི་དམངས་སྤྱོད་ཉིང་རྡུལ་ལག་རྩལ་ཡང་འཛམ་གླིང་གི་མདུན་གྲས་སུ་སླེབས་ཡོད། གཞན་ཡང་ཀྲུང་གོར་ཉིང་རྡུལ་ནུས་པའི་འཛུགས་སྐྲུན་འཆར་གཞི་མང་དག་ཅིག་ཡོད་ལ་ཀྲུང་གོས་ཉིང་རྡུལ་བདེ་འཇགས་ཐད་བཏང་བའི་གཏོང་ཆའང་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ཞེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།