འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མ་འོངས་ལོ་5ཡི་ནང་རྒྱལ་ཁབ་ཀྱིས་ཞིང་པ་ལས་མི་ཁྲི་150ཡི་སློབ་རྒྱུས་ཀྱི་རྒྱུན་མཐུད་
    སློབ་གསོར་རོགས་དངུལ་སྤྲོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2020ལོར་སླེབས་སྐབས་སློབ་རྒྱུས་མཐོ་རུ་གཏོང་འདོད་ཡོད་ལ་སློབ་ཞུགས་ཀྱི་ཆ་རྐྱེན་འཛོམས་པའི་ཞིང་པ་ལས་མིའི་ཁྲོད་ནས་མི་ཁྲི་150ལ་སློབ་རྒྱུས་ཀྱི་རྒྱུན་མཐུད་སློབ་གསོའི་རོགས་དངུལ་སྤྲད་དེ་ཁོང་ཚོར་ལག་རྩལ་དང་རྩལ་ནུས་ཀྱི་གསོ་སྦྱོང་ཐོབ་པ་བྱ་རྒྱུ་དང་། སློབ་ཡོན་མི་དགོས་པའི་སློབ་ཚན་བརྒྱུད་རང་ཉིད་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་སློབ་གསོ་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་《ཞིང་པ་ལས་མིའི་སློབ་རྒྱུས་དང་འཇོན་ཐང་མཐོར་གཏོང་བྱ་སྤྱོད་འཆར་གཞི —“སློབ་ཞུགས་རེ་སྒྲུབ་བྱ་སྤྱོད”ཀྱི་ལག་བསྟར་ཇུས་གཞིའི་བརྡ་ཐོ་》པར་འགྲེམས་བྱས་པ་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2015ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྱོན་དུང་ཕྱུར་4.04ཡོད་པའི་ནང་ཞིང་པ་ལས་མིའི་བསྡོམས་འབོར་དུང་ཕྱུར་2.77ཟིན་པ་དེ་ལོ་གོང་མ་ལས་1.3%འཕར་ཡོད།
         སློབ་གསོ་པུའུ་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སིའི་སི་ཀྲང་ཀེ་ཏའོ་ཁའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2014ལོའི་བར་མཐོ་རིམ་སློབ་འབྲིང་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཞིང་པ་ལས་མིས་23.8%བཟུང་བ་དང་། ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཞིང་པ་ལས་མིས་7.3%བཟུང་བ། རྩལ་ནུས་གསོ་སྦྱོང་བྱེད་མྱོང་བའི་ཞིང་པ་ལས་མིས34.8%བཟུང་ཡོད། དེའི་ཐོག་ནས་ཞིང་པ་ལས་མིའི་སློབ་རྒྱུས་རིམ་པ་དང་རྩལ་ནུས་གསོ་སྦྱོང་བྱེད་མྱོང་བའི་བསྡུར་གྲངས་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད་ཀྱང་སྤྱིའི་བསྡུར་གྲངས་སྔར་བཞིན་དམའ་པོ་ཡོད་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་སྤྱིའི་བླང་བྱ་དང་ཞིང་པ་ལས་མི་གྲོང་ཁྱེར་ནང་འཚོ་གནས་ཐུབ་པའི་དགོས་མཁོ་དང་ད་དུང་ཧེ་བག་ཆེ་ཙམ་ལྡན་ཡོད་པ་མངོན་ཡོད།
         ཀེ་ཏའོ་ཁའེ་ཡིས“ལོ་ལྟར་རྒྱལ་ཡོངས་ཁྱབ་ཁོངས་ནང་གི་ཞིང་པ་ལས་མི་ཁྲི་30ཡི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་རིམ་པ་དེ་གཉིས་ཀྱི་མཐོ་རིམ་སློབ་རྒྱུས་ཀྱི་རྒྱུན་མཐུད་སློབ་གསོའི་ཐད་རོགས་དངུལ་སྤྲོད་ཀྱི་ཡོད” ཁྱབ་ཁོངས་དེའི་གཙོ་གནད་ནི་གཏན་འཇགས་ཀྱི་ངལ་རྩོལ་གན་རྒྱ་བཞག་པའི་ཞིང་པ་ལས་མིར་ཕྱོགས་ནས་ལས་གནས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་དེ་རེད། དེ་བྱིངས་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་དང་། ཐོན་ནུས་རྗེས་ལུས་ཐེབས་པ། ཐོན་ནུས་ཆེ་དྲགས་པ་བཅས་ཀྱི་ཁེ་ལས་ལ་ལས་སྒྱུར་གསོ་སྦྱོང་དང་། རྩལ་ནུས་མཐོར་གཏོང་གསོ་སྦྱོང་། རྩལ་ནུས་སྔོན་སྦྱོང་གསོ་སྦྱོང་བཅས་ཧུར་ཐག་བྱ་རྒྱུ་རེད་ཅེས་བརྗོད་ཡོད།
         གཞན་ཡང་ད་ཡོད་ཀྱི་ཐོན་ཁུངས་དང་དེ་བཞིན་ཐོན་ཁུངས་ཞབས་ཞུའི་ལས་སྟེགས་གང་ལེགས་སྤྱད་དེ་ཞིང་འབྲོག་པར་ཕྱོགས་པའི་སྤུས་ལེགས་ཀྱི་དྲ་བའི་སློབ་སྦྱོང་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུ་རེད། རྒྱལ་ཁབ་ཀྱི་གྲངས་གཞི་ཅན་སློབ་སྦྱོང་ཐོན་ཁུངས་ལྟེ་གནས་དང་རིགས་ཁག་གི་སློབ་གླིང་སློབ་ཆེན་གྱིས་ཁེ་ལས་དང་མནའ་འབྲེལ་བྱས་པ་དང་། དྲ་ཐོག་སློབ་གསོ་དང་མནའ་འབྲེལ་བྱས་པ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དྲ་བའི་ཐོན་ཁུངས་སྒོ་དབྱེའི་མིང་གཞུང་བཟོས་ནས་ཞིང་པ་ལས་མིས་ག་དུས་ཡིན་ཡང་སློབ་སྦྱོང་དང་ཚེ་གང་རིང་སློབ་སྦྱོང་བྱེད་ཐུབ་པ་བྱ་རྒྱུ་རེད།
         “ཞིང་པ་ལས་མིའི་རྒྱུན་མཐུད་སློབ་གསོའི་སྤུས་ཚད་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་ཁྲིད་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་ལམ་ལུགས་དང་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཞིང་པ་ལས་མི་དང་མི་སྤྱོད་ཚན་པ་སློབ་ཁྲིད་སྤུས་ཚད་གདེང་འཇོག་ནང་ཞུགས་པའི་ལམ་སྲོལ་བཙུགས་ཏེ་བློ་ཡིད་ཚིམ་ཚད་དཔྱད་བསྡུར་ལས་དོན་སྤེལ་དགོས”ཞེས་ཀེ་ཏའོ་ཁའེ་ཡིས་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།