འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་ལོ་ཧྲིལ་པོར་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་83.78ཀྱི་ལས་འགན་ལེགས་གྲུབ་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”ནགས་ལས་འཕེལ་རྒྱས་ཀྱི་འགོ་འཛུགས་ལོ་ཡིན་པའི་2016ལོར་བོད་རང་སྐྱོང་ལྗོངས་ཀྱིས“ནགས་བཟོ་དང་དོ་དམ་མཉམ་སྤེལ་དང་། སྤུས་ཀ་དང་འབོར་ཚད་གལ་ཆེ་མཉམ་བརྩི། སྤུས་ཚད་གཙོ་བོར་འཛིན་པ་བཅས”ཀྱི་རྩ་དོན་ལ་གཞིགས་ཏེ་མི་ཐབས་ནགས་བཟོ་དང་རི་བཀག་ནགས་གསོའི་ལས་དོན་སྤེལ་བ་དང་རི་བཀག་བྱ་རྒྱུར་འཚམ་ན་རི་བཀག་པ་དང་། ནགས་བཟོ་བྱ་རྒྱུར་འཚམ་ན་ནགས་བཟོ་བྱེད་པ། ཆུ་རྒྱག་རྒྱུར་འཚམ་ན་ཆུ་རྒྱག་པ། རྩྭ་འདེབས་རྒྱུར་འཚམ་ན་རྩྭ་འདེབས་པ། ཐང་རྒོད་ལ་འཚམ་ན་ཐང་རྒོད་དུ་འཇོག་པ་བཅས་མཐའ་འཁྱོངས་ཀྱིས་ལོ་ཧྲིལ་པོར་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་83.78ཀྱི་ལས་འགན་ལེགས་གྲུབ་བྱ་རྩིས་ཡོད་པ་དེའི་ནང་མི་ཐབས་ནགས་བཟོ་མུའུ་ཁྲི་64.78དང་རི་བཀག་ནགས་གསོ་མུའུ་ཁྲི་19ཟིན་གྱི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་ཀྱི་ནགས་བཟོ་སྔོ་འགྱུར་ལས་དོན་གྱིས་འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཆར་འགོད་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་མ་འཇོག་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་ལག་ལེན་བསྟར་བ་བཅས་མཐའ་འཁྱོངས་བྱས་པ་དང་། “ནགས་ཚལ་གྱིས་གྲོང་ཁྱེར་སྐོར་བ་དང་། ཆུས་ནགས་ཚལ་སྐོར་བ། ལྗང་མདོག་བགྲོད་ལམ་བཅས”ཀྱི་འདུ་འགོད་ཆེ་ཁག་གསུམ་ལག་ལེན་ཤུགས་ཆེན་བསྟར་བ། ཆུ་བེད་སྔོན་ལ་བསྐྲུན་པ་དང་ཕྱོགས་བསྡུས་ཆ་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་པ། ལྕང་མ་གསོན་ཚད་དང་ནགས་ཚལ་དུ་འགྱུར་ཚད་དེ་མི་ཐབས་ནགས་བཟོའི་ཕན་འབྲས་ཞིབ་དཔྱད་བྱེད་པའི་ཚད་གཞི་གཅིག་པུ་དེར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ། ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ཇུས་འགོད་དང་། ལག་བསྟར། ལྟ་སྐུལ་དོ་དམ། ཞིབ་བཤེར་རྩིས་ལེན་བཅས་ལྷུ་ཚིགས་ཁག་ནས་ཤུགས་བརྒྱབ་པས་ནགས་བཟོ་སྔོ་འགྱུར་ཐད་ཕན་འབྲས་ཆེན་པོ་ཐོན་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་སུ་བསྡོམས་ནགས་བཟོ་མུའུ་ཁྲི་516.66ལེགས་གྲུབ་ཟིན་ནས་འཆར་འགོད་དམིགས་ཚད་མུའུ་ཁྲི་390ལས་132.45%བརྒལ་བ་དེའི་ནང་མི་ཐབས་ནགས་བཟོ་མུའུ་ཁྲི་237.62ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པ”དང་བསྡུར་ན་38.11%འཕར་བ་དང་། རི་བཀག་ནགས་གསོ་མུའུ་ཁྲི་278.93ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་ལེགས་གྲུབ་ཟིན་པའི་ལས་འགན་ལས་ཅུང་དམའ་བ་ཡོད། དེ་དང་ཆབས་ཅིག་ནགས་བཟོ་ཁྲི་144ལེགས་གྲུབ་ཟིན་པ་དང་མི་(མི་ཐེངས)ཁྲི་540ལྷག་ཙམ་གྱིས་འོས་འགན་ལྕང་འཛུགས་མུའུ་ཁྲི་12བྱས་པ། 《བོད་རང་སྐྱོང་ལྗོངས་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞི”འབབ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་འཆར་འགོད་》རྩོམ་སྒྲིག་ལེགས་གྲུབ་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།