འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གཞན་ཡུལ་དུ་རོལ་དབྱངས་ཉན་པ།

    ཧན་ཞའོ་མིང་གིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་31ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ནེ་ལུའོ་གཙང་འགྲམ་གྱི་ཁེ་རོ་ཟློས་གར་ཁང་གི་རྣམ་པར་བཀྲ་བའི་ཚོན་ཁྲའི་གློག་བཞུས་ལོ་གསར་བརྒྱན་འདུག ལྷིང་འཇགས་ཀྱི་ཟློས་གར་ཁང་ཆུང་བའི་གར་སྟེགས་ཀྱི་གློག་འོད་ཀྱིས་སེར་སྔོན་དམར་གསུམ་གྱི་ཁོ་ལོམ་པི་ཡའི་རྒྱལ་དར་བཟོས་ཡོད། གྱོན་ཆས་དཀར་པོ་གྱོན་པའི་རོལ་མོ་དཀྲོལ་མཁན་གསུམ་རོལ་ཆས་ཏེ་ཐི་ཕུའུ་རོལ་ཆ་དང་། སྒྲ་སྙན། གདངས་དམའ་ཨོག་གླན་བཅས་ཀྱི་མདུན་དུ་ཡོང་། ཁོ་ཚོས་ག་ལེར་རྒྱུད་སྐུད་ལ་རེག་ནས་དཀྲོལ་འགོ་ཚུགས།
         དེ་ནི་ཁོ་ལོ་པི་ཡའི་རོལ་དཀྲོལ་ཚོགས་པ“སུའོ་ཁེ་ལུའོ་ཡི་སྐྲ་གཞར་མཁན”གྱི་འཁྲབ་སྟོན་བྱ་ཡུལ་རེད། མཛུབ་རྩེ་རེག་ཙམ་གྱིས་སྙན་འཇེབས་ཀྱི་སྒྲ་དབྱངས་ཀྱིས་ཁྱེད་ཉིད་ཡུལ་ཁམས་གསར་པ་ཞིག་ཏུ་སླེབས་པར་བྱེད་ཅིང་། སྒྲ་དབྱངས་དྭངས་ཤིང་གསལ་བ་དང་ལ་ཏིང་མེ་གླིང་གི་ཉམས་ཀྱིས་ཕྱུག་པའི་ཐི་ཕུའུ་རོལ་ཆ་ཡིས་ཉན་མཁན་གྱི་ཡིད་དབང་གཡོ་བར་བྱེད། དེའི་དབྱངས་རྟ་དང་བསྡོངས་ནས་གཏམ་རྒྱུད་ཅིག་ཉན་པ་དང་མཚུངས་ཏེ། འགྱུར་ཁུག་ཁོ་ན་གཙོ་བོར་མི་འཛིན་པ་ལས་དྲན་སྟངས་ཤིག་ག་ལེར་མངོན་པ་ལྟར་སྙན་ཞིང་འཇེབས། སྒྲ་སྙན་དང་གདངས་དམའ་ཨོག་གླན་གྱིས་དབྱངས་རྟ་ལ་འགྱུར་ཁུག་བསྣན་པ་དང་། ལྷག་དོན་དུ་གདངས་དམའ་ཨོག་གླན་དབྱངས་འགྲོས་ལ་མཚམས་ཚིགས་མངོན་པར་གསལ།
         ཁྱེད་ཀྱིས་གསོན་དང་། རླབས་འོད་ལམ་ལམ་འཚེར་བའི་མཚོ་ངོས་སུ་དཀར་གསལ་དུང་ཟླ་འཕགས་བྱུང་། ཁྱེད་ཀྱིས་གསོན་དང་། སྔོ་ལྗང་གི་མཐའ་ཡས་པའི་རྩྭ་ཐང་དུ་སྤྲིན་དཀར་ལྡང་བྱུང་། ད་དུང་ཧ་ཅང་གསལ་བའི་སྐྱེས་པའི་ངག་རྟ་ལས། ཉིན་མཚན་མེད་པར་དྲན་པའི་མཛའ་གྲོགས་ལ་ཕུལ་བའི་གླུ་གཞས་ཏེ། གློ་བུར་དུ་ཁྱེད་ཀྱིས་ཐི་ཕུའུ་རོལ་ཆ་ཡིས་རང་སེམས་ལ་ས་བོན་བཏབ་པ་ཚོར་འོངས། དེ་དང་ཆབས་ཅིག་རོལ་མོའི་འགྱུར་ཁུག་ནི་ཁྱེད་ཀྱིས་ཡིད་སྨོན་ཤོར་མྱོང་བའི་གཏམ་རྒྱུད་ཡིན་པ་ཚོར་ཐུབ། ཁྱེད་ཉིད་མཐར་མིག་ཟུམ་བཙུམས་ནས་ཐི་ཕུའུ་རོལ་ཆས་ཀྱི་སྙན་དབྱངས་ཁྲོད་བཟི་ངེས་ཡིན།
         རོལ་མོའི་སྙན་འཇེབས་ཀྱི་འགྱུར་ཁུག་དེ་རིག་གནས་ཁྲོད་སིམ་ཟིན་པ་དང་། ཁེ་རོ་ཟློས་གར་ཁང་དུ་སྐྱེ་བོའི་ཡིད་ཀྱི་བརྟན་པོ་འཕྲོག་བཞིན་ཡོད་པ་རེད།
         ད་ཆར་གཞན་ཡུལ་དུ་གནས་སྐབས། ཨ་རབ་ཀྱི་ཨོའུ་ཏེ་རོལ་ཆ་ཐོས་སྐབས་ཚོར་སྣང་ཟབ་མོ་བྱུང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ནི“གཞན་ཡུལ་གྱི་གཞན་ཡུལ”འཕྲད་པས་ཀྱང་ང་ལ་ཡིད་དུ་འོང་བའི་མྱོང་ཚོར་ཟབ་མོ་བྱུང་བ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།