འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་31ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་སྤྱི་བདེ་པུས་འཚོགས་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐོག་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཐེམ་ཐོ་ཡོད་པའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་འགྱུར་ཚད་མགྱོགས་སུ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།
         ཚོགས་འདུའི་ཐོག་སྤྱི་བདེ་པུའི་པུའུ་ཀྲང་ཧོང་མིང་གིས་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པ་བྱས་ནས་དགེ་མཚན་ལྷག་པར་ལྡན་ཞིང་། སྔར་བས་གུ་ཡངས་པའི་ཐེམ་ཐོ་བསྒྱུར་བའི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོས་ཏེ་ཁྱབ་ཁོངས་དང་ཁེབས་རྒྱ་སྔར་བས་ཆེ་བའི་ལེ་ལག་ཚང་བའི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་བྱ་ཐབས་འཐུས་ཚང་ཡོང་བར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
         ཧོང་མིང་གིས་གཙོ་གནད་ཚོགས་སྤྱི་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གྲོང་གསེབ་ཀྱི་སློབ་མའི་སློབ་རིམ་འཕར་བ་དང་། དམག་ནང་ཞུགས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁོངས་སུ་ཚུད་པ། གྲོང་ཁྱེར་དང་གྲོང་རྡལ་ལ་ལས་ཞུགས་བྱེད་པ། ལོ་5ཡན་གནས་སྡོད་དང་ཁྱིམ་སྤོས་པའི་ཞིང་ལས་གཞན་སྒྱུར་མི་འབོར་བཅས་ཚོགས་སྤྱི་རིགས་4གཙོ་གནད་དུ་བྱས་ཏེ་རིམ་བཞིན་ཐེམ་ཐོ་བཟོ་བའི་སྲིད་ཇུས་ལ་ཞིབ་འཇུག་དང་འབྲེལ་ཐག་གཅོད་ཇུས་གཞི་རིམ་པས་འདོན་རྒྱུ་དང་། གཙོ་གནད་ས་ཁུལ་མངོན་གསལ་དོད་པོ་ཡོང་བ་དང་ས་ཁུལ་ཁག་དང་ལྷག་པར་དུ་གྲོང་ཁྱེར་ཆེ་ཁག་དང་ཤར་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱིས་གྲོང་ཁྱེར་གྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པ་བྱེད་པའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ནས་ཐེམ་ཐོའི་སྲིད་ཇུས་བཟོ་བ་དང་ས་ཁོངས་བགོ་བ་དང་ཁག་དབྱེ་ནས་ཐེམ་ཐོ་བཟོ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ། ཐེམ་ཐོ་ཡོད་པའི་མི་འབོར་གྱིས་བསྡུར་ཚད་བཟུང་ཚད་དམའ་བའི་གྲོང་ཁྱེར་ནང་ཐེམ་ཐོའི་མི་འབོར་གྱི་བསྡུར་ཚད་མང་དུ་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་འདོན་རྒྱུ་དང་ལྷག་པར་དུ་ཞིང་པའི་ཐེམ་ཐོ་བསྒྱུར་རྒྱུ་དེ“དབང་ཆ་གསུམ”དང་མ་འབྲེལ་བ་བྱས་ནས་ཞིང་པ་གྲོང་ཁྱེར་ནང་གཞིས་ཆགས་ཡོང་བའི་ཧུར་སེམས་སྐོང་འཐེན་བྱ་རྒྱུ་ཡིན”ཞེས་གསུངས།
         གཞན་ཡང་ཧོང་མིང་གིས་གནས་སྡོད་ལག་ཁྱེར་གྱི་ལམ་ལུགས་བསྟར་རྒྱུར་དམ་འཛིན་བྱེད་པར་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིབ་ཕྲའི་ལག་བསྟར་བྱ་ཐབས་བཟོ་བ་དང་བཟོ་བཅོས་རྒྱག་རྒྱུར་དམ་འཛིན་བྱེད་པ་དང་། དོ་དམ་སྲོལ་ཡིག་ཞིབ་འཇུག་བྱས་ནས་བཟོ་བ། ཆ་འཕྲིན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྡེ་ཚན་གྱི་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་མ་གཏོང་དགོས་པ་དང་། ཐེམ་ཐོ་མེད་པའི་མིའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པར་ས་ཁུལ་ཁག་གིས་མཐིལ་རྟོགས་བརྟག་དཔྱད་གང་ཟབ་བྱས་ནས་དོན་དངོས་དང་མཐུན་རིགས་འགྲོ་ལུགས་ནན་ཏན་གཉེར་དགོས་པ། ཐེམ་ཐོ་མེད་པའི་མིའི་གནད་དོན་དེ་ལོ་གང་དུ་ཡིན་པ་དང་རྒྱུ་རྐྱེན་གང་གིས་བྱས་མིན་ལ་མ་བལྟོས་པར་དུས་ཐོག་ཏུ་ཐེམ་ཐོའི་འགྲོ་ལུགས་གཉེར་དགོས་པ་མ་ཟད། ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཐེམ་ཐོ་མེད་པའི་གནད་དོན་གསར་པ་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།